ཟླ་འདིའི་ཕྱི་ཚེས་ ༧ ཉིན་དབྱིན་ཇིའི་རྒྱལ་ས་སྟེ་ལོན་ཌོན་ནང་པ་ཚོགས་པས་༧སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་རྒྱུ་རེད།
དེ་རིང་ཕྱི་ཚེས ༥ ཉིན་གྱི་ཞོགས་པར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དམག་འཁྲུག་ཁྲོད་ཀྱི་བྱིས་པ་ (Chidren in Crossfire) ཞེས་པའི་ཚོགས་པའི་འགན་འཛིན་རི་ཆར་ཌི་མོར་ ( Richard Moore) ལགས་དང་། ལོན་ཌོན་ནང་པའི་ཚོགས་པ་ (The Buddhist Society, London) ཡི་ཚོགས་གཙོ་འབུམ་རམས་པ་ཌེ་སི་མོན་ཌི་བི་ཌལ་ཕ་ (Dr Desmond Biddulph) ལགས། དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་ནས་ཕེབས་པའི་བོད་རིགས་སོགས་དད་ལྡན་མང་ཚོགས་ ༢༣༠ ལྷག་ལ་མཇལ་ཁ་བསྩལ།
སྐབས་དེར་འདི་གའི་གསར་འགོད་པས་དམག་འཁྲུག་ཁྲོད་ཀྱི་བྱིས་པ་ཚོགས་པའི་ཚོགས་གཙོ་རི་ཆར་ཌི་མོར་ལགས་སུ་ཐེངས་འདིའི་མཇལ་ཁའི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ངས་ཡིད་ཆེས་བྱེད་སའི་འཛམ་གླིང་ནང་བརྩེ་བ་དང་བྱམས་པ། བཟོད་བསྲན་སོགས་གོང་སྤེལ་གནང་མཁན་ཁོ་ན་དེ་ཡིན། དེར་བརྟེན། དེ་རིང་ང་ལ་ཁོང་མཇལ་རྒྱུའི་གོ་སྐབས་བྱུང་བར་དགའ་སྤོབས་ཆེན་པོ་སྐྱེས་བྱུང་།
དེ་རིང་གི་འཇམ་འཛོམས་འདིའི་དམིགས་ཡུལ་ནི་ངས་འདས་པའི་ལོ་ངོ་སུམ་ཅུའི་ཡར་སྔོན་དུ་ཟླ་བ་འདིའི་ནང་དམག་འཁྲུག་ཁྲོད་ཀྱི་བྱིས་པ་ཞེས་པའི་ཚོགས་པ་ཞིག་དབུ་བརྙེས་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཚོགས་པ་འདིའི་མགོན་སྐྱབས་ཡིན། ༧གོང་ས་མཆོག་ང་ཚོའི་ལོ་བཅུའི་མཛད་སྒོ་དང་ལོ་ཉི་ཤུའི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད། ང་ཚོས་༧མགོན་པོ་གང་ཉིད་མཆོག་ང་ཚོའི་ལོ་ངོ་སུམ་ཅུའི་མཛད་སྒོའི་ཆ་ཤས་ཤིག་ཆགས་འདོད་ཡོད་པས། ད་ལྟ་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱང་གི་མེད་པའི་སྐབས་དང་བསྟུན། ༧གོང་ས་མཆོག་གི་ཕོ་བྲང་གིས་ང་ཚོའི་རེ་བ་དང་ལེན་ཞུས་ཏེ། ང་ཚོའི་ཚོགས་པ་དབུ་བརྙེས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་སྐབས་༧གོང་ས་མཆོག་ལ་མཇལ་རྒྱུ་བྱུང་བ་ཧ་ཅང་དགའ་བྱུང་། ལོ་ངོ་སུམ་ཅུའི་དུས་དྲན་གྱི་དམིགས་ཡུལ་ནི་ཚོགས་པ་འདི་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་ཡིན། ཁོང་ཅག་གི་རྒྱབ་སྐྱོར་ལ་བརྟེན་ནས་ང་ཚོས་ཊན་ཛ་ནེ་ཡ་དང་ཨེ་ཐོ་པེ་ཡ་སོགས་འཛམ་གླིང་ཡུལ་གྲུ་གང་སར་དཀའ་ངལ་ཆེ་ཞིང་གནོད་འཚེ་ཕོག་སླ་བའི་བྱིས་པ་མང་པོ་སྲུང་སྐྱོབ་ཐུབ་ཡོད། ༧གོང་ས་མཆོག་ནི་ང་ཚོར་རྒྱབ་སྐྱོར་གནང་མཁན་གྱི་ནང་ནས་གཅིག་ཡིན། ང་རང་མི་སྒེར་གྱི་ངོས་ནས་བཤད་ན། ༧གོང་ས་མཆོག་གིས་ང་ལ་བཟོད་སྒོམ་གྱི་སྐོར་ནས་བསླབ་བྱ་མང་པོ་ཁྲིད་མྱོང་། དེ་བས་དེ་རིང་དངོས་སུ་ཁོང་ལ་མཇལ་ནས་ཐུགས་རྗེ་ཆེ་ཞུ་ཐུབ་པར་དགའ་བོ་བྱུང་། ཞེས་གསུངས་བྱུང་།
༧གོང་ས་མཆོག་ནས་བཀའ་སློབ་ག་རེ་གནང་ཡོད་མེད་དྲིས་པར་ཁོང་གིས། ༧གོང་ས་མཆོག་གིས་དམག་འཁྲུག་ཁྲོད་ཀྱི་བྱིས་པ་ཚོགས་པའི་ལས་དོན་ལ་བསྔགས་བརྗོད་དང་སྦྲགས། ཚོགས་པའི་ལས་དོན་དག་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་བྱུང་། བོད་མི་ཚོར་༧གོང་ས་མཆོག་ལྟ་བུའི་དབུ་ཁྲིད་ཞིག་ཡོད་པ་ནི་འཛམ་གླིང་ནང་བསོད་ནམས་ཧ་ཅང་ཆེ་བའི་མི་ཡིན་བསམ་གྱི་ཡོད། ༧གོང་ས་མཆོག་གིས་དུས་རྒྱུན་བྱམས་བརྩེ་དང་བཟོད་སྒོམ་སོགས་དོན་དུ་གཉེར་གྱི་ཡོད་པས། ངས་བོད་མི་ཚང་མས་༧གོང་ས་མཆོག་གི་བཀའ་སློབ་རྣམས་སེམས་ལ་བཅངས་ཏེ་བློ་སྟོབས་ལྡན་པའི་ཐོག་ནས་མིག་དཔེ་ལེན་པའི་སྐུལ་མ་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་།
དེའི་ལོན་ཌོན་ནང་པ་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་ཌེ་སི་མོན་ཌི་བི་ཌལ་ཕ་ལགས་ཀྱིས། ༧གོང་ས་མཆོག་ལ་མཇལ་རྒྱུ་བྱུང་ནས་ཧ་ཅང་དགའ་བྱུང་། ཐེངས་འདིའི་མཇལ་ཁའི་དམིགས་ཡུལ་ནི་༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་ཡིན། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་ཕྱི་ལོ་ ༡༩༦༡ ལོར་༧གོང་ས་མཆོག་དྷ་རམ་ས་ལར་ཕེབས་པ་དང་ང་ཚོའི་མགོན་སྐྱབས་ཆགས་ཡོད། ༧ཁོང་གིས་ལོ་མང་པོའི་རིང་ང་ཚོར་མགོན་སྐྱབས་གནང་བ་དེས་དབྱིན་ཇིའི་ནང་པའི་ཚོགས་པ་ཙམ་དུ་མ་ཟད། འཛམ་གླིང་གི་ནང་པ་ཚང་མར་ཕན་རླབས་རྒྱ་ཆེ་བྱུང་ཡོད། ང་ཚོ་དབྱིན་ཇིའི་ནང་པ་ཚང་མས་༧མགོན་པོ་གང་ཉིད་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་།
ཡང་ཁོང་གིས། དེ་རིང་ང་ཚོས་༧གོང་ས་མཆོག་ལ་ཕྱག་རྟགས་ཁག་ཅིག་ཕུལ་ཡོད། ༧གོང་ས་མཆོག་ལོན་ཊོན་དུ་ཕེབས་པ་དང་འབྲེལ་བའི་ལོ་རྒྱུས་དང་། ལོན་ཊོན་དུ་ཡོད་པའི་བོད་མིའི་ལོ་རྒྱུས་སོགས་འདས་དོན་དང་འབྲེལ་ཞིང་ཁྱེད་ཅིག་གིས་ཉར་ཚགས་ནང་འཇོག་དགོས་པའི་ཕྱག་རྟགས་ཁག་ཅིག་ཕུལ་ཡོད། ང་ཚོ་འདིར་ཡོང་དོན་གཞན་ཞིག་ནི་ཟླ་འདིའི་ཕྱི་ཚེས་ ༧ ཉིན་ང་ཚོས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་གཟེངས་རྟགས་ཤིག་འབུལ་རྒྱུ་ཡིན། ཁོང་གིས་ད་བར་བོད་པའི་སྤྱི་ཚོགས་ནང་བོད་ཕྲུག་གི་ཆེད་དུ་སློབ་གྲྭ་དང་། སྨན་ཁང་སོགས་བརྒྱབ་སྟེ་སྐུ་ངལ་བསྐྱོན་ཡོད། ཁོང་གིས་འདས་པའི་ལོ་མང་རིང་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུས་པར་ངོས་འཛིན་དང་བཀའ་དྲིན་ཞུ་འོས་པ་ཞིག་རེད། ལྷག་པར་དུ་ཁོང་གི་བརྩེ་བ་དང་སྙིང་རྗེ། ཤེས་རབ་སོགས་ནི་སྤྱི་ཚོགས་ཀྱི་མིག་དཔེར་གྱུར་ཡོད། ཅེས་བརྗོད་བྱུང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post ༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ། appeared first on བོད་ཀྱི་དུས་བབ།.


