༧གོང་ས་མཆོག་ནས་ཨ་རིའི་གྲོས་ཚོགས་འཐུས་མི་མའི་ཁལ་མེག་ཁོལ་མཆོག་ལ་གསུང་འཕྲིན་སྩལ་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ མའི་ཁལ་མེག་ཁོལ་ (Michael McCaul) མཆོག་གིས་ལོ་ངོ་ཉི་ཤུ་ལྷག་གི་རིང་མི་དམངས་ལ་ཞབས་འདེགས་ཞུས་པར་འཚམས་འདྲི་དང་སྦྲགས། ཁོང་གིས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་སྩལ་གནང་སྟེ། སྐུ་ཞབས་མའི་ཁལ་མེག་ཁོལ་ (Michael McCaul) མཆོག་གི་ལོ་ངོ་ཉི་ཤུ་ལྷག་གི་ཞབས་འདེགས་ལ་ཆེ་བསྟོད་ཞུ་བའི་མཛད་སྒོ་དང་སྟབས་བསྟུན་ནས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆཌ་གྷེར་ (Richard Gere) མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེ་སྒྲོག་སྦྱང་གནང་ཡོད་པ་རེད།
སྐུ་ཞབས་མེག་ཁོལ་མཆོག་གིས་ཕྱི་ལོ་ ༢༠༢༤ ལོར་ཨ་རིའི་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་དེ་༸གོང་ས་མཆོག་ལ་མཇལ་བཅར་དང་༸སྐུའི་ཡང་སྲིད་ཐད་རྒྱ་ནག་གི་ཐེ་བྱུས་ལ་ངོ་རྒོལ་གནང་བ་མ་ཟད། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ (Resolve Tibet Act) གཏན་འབེབས་དང་ཕྱི་ལོ་ ༢༠༢༦ ལོའི་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་བ་བཅས་ཀྱིས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་བོད་དོན་ལ་རྒྱབ་སྐྱོར་རྒྱུན་འཁྱོངས་ཡོང་བར་ནུས་པ་གལ་ཆེན་བཏོན་གནང་ཡོད་པ་རེད།





