གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

3 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༢ ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་ ༡༠ ཡས་མས་ལ་བོད་མདོ་ཁམས་ནག་ཆུ་སྦྲ་ཆེན་རྫོང་དུ་ཚད་རིམ་ ༧ ཅན་གྱི་ས་ཡོམ་བརྒྱབ་སྟེ། ད་ལྟའི་ཆར་མི་གྲངས་ ༡༦ འདས་གྲོངས་དང་། མི་གྲངས་ ༥༤ ལྷག་ལ་རྨས་སྐྱོན་ཕོག་ཡོད་པར་བརྟེན། གོད་ཆག་ཕོག་མཁན་དང་དེའི་ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་སྐྱེད་དང་། མྱ་ངན་མཚོན་ཆེད། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ཚེས་ ༢༣ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་བློ་བཟང་བསམ་གཏན་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་།  ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ།  གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་དྷ་ས་ཁུལ་གྱི་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་བློ་བཟང་དར་རྒྱས་ལགས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༢ ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་ ༡༠།༣༣ སྟེང༌། བོད་མདོ་ཁམས་ནག་ཆུ་སྦྲ་ཆེན་རྫོང་ཁོངས་སུ་ཚད་རིམ་ ༧ ཅན་གྱི་ས་ཡོམ་བྱུང་སྟེ། མི་ཤི་རྐྱེན་ཆག་ཚབས་ཆེ་བྱུང་འདུག 

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བསྒྲགས་པ་ལྟར་ན།  དེ་རིང་ཞོགས་པའི་ཆུ་ཚོད་ ༧ པའི་བར་དུ། མི་གྲངས་ ༡༦ རྐྱེན་ལམ་དུ་ཤོར་བ་དང༌། མི་གྲངས་ ༥༤ ལ་རྨས་སྐྱོན་ཕོག་པའི་ཁོངས། མི་གྲངས་ ༡༡ ལ་རྨས་སྐྱོན་ཚབས་ཆེན་དང་། མི་གྲངས་ ༤༣ ལ་རྨས་སྐྱོན་ཅུང་ཉུང་བ་ཕོག་པ་དང་། དུད་ཚང་ ༣༣༩ ཁང་ཁྱིམ་གཏོར་སྐྱོན་ཕོག་ཡོད་ཚུལ་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནས་ཚུལ་སྦས་བསྐུངས་བྱེད་ཀྱི་ཡོད་པར་བརྟེན། དངོས་ཡོད་གནས་སྟངས་ཇི་ཡིན་ཤེས་རྟོགས་དཀའ་ཡང་། འབྲེལ་ཡོད་བརྒྱུད་རྒྱུས་ལོན་བྱུང་བ་ལྟར་ན།  སྦྲ་ཆེན་རྫོང་ཁོངས་སོག་ཆུའི་སྟོད་རྒྱུད་ཆགས་པའི་དམར་རུ་ཁོངས་ཀྱི་གྲོང་ཚོ་གཅིག་ཏུ་མི་གྲངས་ ༡༠ འདས་གྲོངས་སུ་གྱུར་འདུག་པ་དང་། ས་ཡོམ་བྱུང་ཡུལ་ནས་རྫོང་ཐོག་བར་གྱི་འགྲུལ་ལམ་ཆད་ཡོད་སྟབས། བུ་གཅིག་ལམ་བར་ནས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་བྱུང་འདུག རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་ནང་མྱུར་སྐྱོབ་ལས་ཀ་ཤུགས་ཆེ་བྱེད་ཀྱི་ཡོད་པ་ཕྱིར་བསྒྲགས་བྱས་འདུག་ཀྱང་དངོས་ཡོད་གནས་ཚུལ་ཕྱི་གསལ་ནང་གསལ་མ་བྱུང་བར་དངོས་བདེན་ཇི་ཡིན་ཞུ་ཚོད་དཀའ་བ་མ་ཟད། དེ་སྔ་འབྱུང་བའི་དོན་རྐྱེན་བྱུང་བའི་སྐབས་གནས་ཚུལ་ཁ་གསལ་མེད་པའི་རྐྱེན་གྱིས་རྒྱལ་སྤྱིའི་ནང་ཁོང་རང་ཚོའི་འདོད་པ་གང་ཡོད་པའི་གནས་ཚུལ་དེ་དག་སྟོན་པ་ཙམ་མ་གཏོགས་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་སྦས་བསྐུངས་མང་དག་ཅིག་བྱེད་ཡོད་པའི་རྣམ་པ་ཚོ་ཚང་མས་མཁྱེན་གསལ་རེད། རའོ་ཊར་དང་བྷི་བྷི་སི་སོགས་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྨས་སྐྱོན་བྱུང་བའི་གྲངས་འབོར་ ༦༥ བྱུང་བ་ས་གནས་ཀྱི་མི་སྣས་འགྲེལ་བརྗོད་བྱས་སྐོར་བཀོད་ཡོད། 

སོག་ཆུ་འབབ་རྒྱུད་ཀྱི་གླེ་སོག་སུམ་མདོར་རྒྱ་གཞུང་གིས་ཆུ་མཛོད་ཆེན་པོ་ཞིག་བསྐྲུན་ཡོད་པ་དེར་ཆུ་རྒྱས་པའི་སྐོར་ས་གནས་མི་མང་གིས་སེམས་ཁྲལ་བྱེད་བཞིན་ཡོད་པ་དང་། ཆུ་མཛོད་དེ་རྐྱེན་དབང་སྣ་ཚོགས་ཀྱིས་འཐོར་བའམ་ཁ་ཤོར་བ་ཡིན། སོག་ཆུ་འབབ་རྒྱུད་སྦྲ་ཆེན་རྫོང་དང་སོག་རྫོང་གཉིས་ཀྱི་གྲོང་ཚོ་མང་པོ་བསྣུབས་ཉེན་ཡོད་འདུག 

ཡིད་སྐྱོའི་གནས་ཚུལ་འདིའི་སྐོར་འབྲེལ་ཡོད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སྨོན་སྐྱབས་འཇུག་ཞུས་ཡོད། ཅེས་གསུང་བཤད་གནང་རྗེས་ཆུ་ཚོད་ ༣ བར་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེར་ཕུལ་ཏེ་མཆོད་འབུལ་སྨོན་ལམ་གྲོལ་ཡོད་པ་བཅས།།

Original Article