༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཉེ་ཆར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་དུ་མཁར་དངོས་མེར་སྲེག་གི་དོན་རྐྱེན་བྱུང་བ་དེར་སེམས་འཚབ་དང་འབྲེལ། དེ་འདྲ་བའི་གནས་ཚུལ་ཞིག་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༦ སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་འཁྲུངས་སྐར་ཉིན་བྱུང་ཡོད་པ་དང་། སྐབས་དེར་གནོད་འཚེ་དེ་ཙམ་ཆེན་པོ་ཕོག་མེད་པའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།
དེ་ཡང་གསར་འགོད་གསལ་བསྒྲགས་དེའི་ནང་། ཉེ་ཆར་ལྷོ་ཨ་ཕི་རི་ཀ་སྐུ་ཚབ་དོན་ཁང་དུ་བྱུང་བའི་མཁར་དངོས་མེར་སྲེག་གི་དོན་རྐྱེན་ཁྲོད་སྐུ་ཚབ་དོན་གཅོད་དང་ལས་བྱེད་རྣམས་ལ་གནོད་འཚེ་ཕོག་མེད་ཀྱང་། དོན་རྐྱེན་དེས་ལས་བྱེད་རྣམས་ཀྱི་བདེ་འཇགས་དང་། སྐུ་ཚབ་དོན་ཁང་དང་དེའི་ས་ཁང་ཁོར་ཡུག་གི་སྲུང་སྐྱོབ་ཐད་སེམས་འཚབ་སྐྱེ་དགོས་པ་ཞིག་ཆགས་ཡོད།
སྐབས་དེར་ལྷོ་ཨ་ཕི་རི་ཀའི་ཛ་དྲག་ཞབས་ཞུ་དང་ཉེན་རྟོག་པའི་དུས་ཐོག་ཡ་ལན་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་ཆབས་ཅིག འབྲེལ་ཡོད་དབང་འཛིན་པ་ཚོས་གནས་ཚུལ་དེའི་ཐོག་ཞིབ་ཚགས་དང་། ཕྱོགས་རིས་མེད་པ། དུས་ཐོག་བཅས་ཁྲིམས་ལུགས་ལྟར་ཁྲིམས་བཅད་གནང་དགོས་པ་དང་། མ་འོངས་པར་འདི་ལྟ་བུའི་གནས་ཚུལ་མི་ཡོང་བའི་ཐབས་ལམ་འཚོལ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་དང་།
ང་ཚོས་ཞི་བདེ་དང་། བྱམས་བརྩེ། གྲོས་མོལ། འཚེ་མེད་ཞི་བའི་གཞི་རྩའི་རྩ་དོན་གྱིས་ལམ་སྟོན་འོག་ལྷོ་ཨ་ཕི་རི་ཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་འཛུགས་དང་ཁྲིམས་ལུགས་ལ་བརྩི་བཀུར་ཞུ་ཡི་ཡོད། ང་ཚོས་གནད་དོན་འདི་ཁྲིམས་མཐུན་གྱི་བརྒྱུད་རིམ་བརྒྱུད་ནས་ཐག་གཅོད་ཐུབ་པ་དང་། ལས་བྱེད་རྣམས་ཀྱི་བདེ་འཇགས་དང་བདེ་ཐང་། ལས་ཁུངས་ཀྱི་བྱེད་སྒོ་བཅས་མུ་མཐུད་སྒྲུབ་ཐུབ་པའི་ཆེད་དུ་དགོས་ངེས་ཀྱི་བྱེད་ཐབས་ལག་བསྟར་གནང་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད།
མཐར་ང་ཚོས་གནད་དོན་དེ་ཉིད་དུས་ཐོག་སེལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ལ། ལྷོ་ཨ་ཕི་རི་ཀའི་གཞུང་དང་འབྲེལ་ཡོད་ལས་ཁུངས་ནས་དོ་སྣང་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་འཁོད་ཡོད།།





