༸གོང་ས་མཆོག་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་གཏན་ཁེལ་འདུག

6 days ago

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་གཏན་ཁེལ་འདུག དེ་ཡང་དེ་སྔོན་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་ངོས་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་གྱིས་འདི་ལོའི་དགུན་དུས་དེ་གའི་དགོན་སྡེར་ཆིབས་བསྒྱུར་མཛད་གནང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཐུགས་དགྱེས་ཚོར་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་པ་ལྟར།  ཁ་སང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བཀའ་ཡིག་ཞིག་ཕེབས་དོན་དུ།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་༸ཞབས་སོར་འཁོད་ཀྱི་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ཁུལ་དེར་ཕྱི་ལོ་ ༢༠༢༧ ཟླ་ ༡ པོའི་ཟླ་མཇུག་བར་སྐུ་བཞུགས་མཛད་རྒྱུ་ཡིན་པ་གསུངས་འདུག དུས་ཡུན་དེའི་རིང་། མཇལ་ཁ་ཐོ་འགོད་ཞུ་ཕྱོགས་དང་འབྲེལ་ནས་དགའ་ལྡན་ཕོ་བྲང་གིས་གསལ་བསྒྲགས་སྤེལ་བའི་ནང་དུ། དེ་སྔོན་དང་མི་འདྲ་བར་ད་རེས་མཇལ་ཁ་ཞུ་མཁན་གྱི་གྲངས་འབོར་ཉུང་འཕྲི་བྱ་རྒྱུ་དང་། བོད་མི་དང་རྒྱ་གར་བ། བལ་པོ། འབྲུག་པ་རྣམས་ནས་ dalailamainbylakuppe@gmail.com གློག་འཕྲིན་ཁ་བྱང་ཐོག །རང་ཉིད་ཀྱི་མི་སེར་ལག་འཁྱེར་དང་ངོ་སྤྲོད་ལག་འཁྱེར། དེ་བཞིན་སྦེལ་ཀོབ་ནང་དུ་གནས་སྡོད་དུས་ཡུན་བཅས་གསལ་བཀོད་བྱ་དགོས་པ་བཀོད་འདུག མ་ཟད་ཕྱི་རྒྱལ་དུ་གནས་སྡོད་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚུད་པའི་ཕྱི་རྒྱལ་བ་རྣམས་ནས་གློག་འཕྲིན་ཁ་བྱང་དེ་ཉིད་ཐོག །ཁུལ་དེར་གནས་སྡོད་དུས་ཡུན་གསལ་བཀོད་དང་། ཕྱི་བསྐྱོད་ལག་འཁྱེར། ལྷག་པར་རྒྱ་གར་ནང་སྲིད་ལྷན་ཁང་གི་སྲུང་སྐྱོབ་ས་ཁུལ་དུ་བསྐྱོད་ཆོག་པའི་ཆོག་མཆན་ Protected Area Permit (PAP) བཅས་མཉམ་སྦྱར་དགོས་པ་གསུངས་འདུག འདི་ག་རླུང་འཕྲིན་ཁང་གི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་བློ་བཟང་ཤེས་རབ་མཆོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་སྐུ་བཞུགས་མཛད་རིང་མཛད་འཆར་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས།  ༸གོང་ས་མཆོག་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་གཏན་ཁེལ་བ་དང་འབྲེལ་ནས་ད་ལྟའི་ཆར་༸རྒྱལ་བའི་མཛད་འཆར་ཐུགས་གཏན་ཁེལ་བ་ཁག་ཅིག་ནི། ༢༠༢༧ ཟླ་ ༡ ཚེས་ ༢༠ ཉིན་གདན་ས་བཀྲ་ཤིས་ལྷུན་པོ་དང་དེ་ནས་སེ་ར་བྱེས་སྨད་གྲྭ་ཚང་གཉིས། དེ་བཞིན་རྣམ་གྲོལ་གླིང་བཅས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ལས་དེ་མིན་མཛད་འཆར་ཞིབ་ཕྲ་ཁག་༸གོང་ས་མཆོག་ཁུལ་དེར་ཞབས་སོར་འཁོད་རྗེས་གཏན་འབེབས་དང་གསལ་བསྒྲགས་བྱ་རྒྱུ་ཡིན་པ་གསུངས་སོང་།

The post ༸གོང་ས་མཆོག་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་གཏན་ཁེལ་འདུག appeared first on vot.

Original Article