གྲོས་ཆོད་མེད་པའི་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན།

1 hour ago

ཕྱི་ལོ་ ༢༠༢༦ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྟེང་གྲོས་ཆོད་འཇོག་མ་ཐུབ་པར་ཚོགས་འདུ་མཇུག་བསྡུ་དགོས་བྱུང་།

ཕྱི་ལོ་ ༢༠༢༦ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ (COP31) དེ་ཟླ་འདིའི་ཕྱི་ཚེས་ ༩ ནས་ ༢༢ བར་ཊར་ཁེའི་(Turkey) གྲོང་ཁྱེར་ཨན་ཊལ་ཡའི་ནང་འཚོགས་ཤིང་། འཛམ་གླིང་རྒྱལ་ཁབ་ ༡༩༦ གི་མགོ་ཁྲིད་དང་གནད་ཡོད་སྐུ་ཚབ་མི་སྣས་མཉམ་ཞུགས་བྱས། འོན་ཀྱང་། བདུན་ཕྲག་གཉིས་ལྷག་རིང་བརྗོད་གཞི་འདྲ་མིན་ཐོག་གྲོས་བསྡུར་བྱས་པའི་མཐར་གནམ་གཤིས་ཚ་དྲོད་ལ་ཤུགས་རྐྱེན་ཆེས་ཆེ་བའི་རྡོ་སྣུམ་གྱི་བུད་རྫས་ (fossil fuels) དང་སྣུམ་གྱི་ཐོན་ཁུངས་བཀོལ་སྤྱོད་ལ་ཚོད་འཛིན་ནམ་གཏན་འགོག་བྱེད་མིན་ཐད་འགལ་ཟླ་བྱུང་སྟེ། གྲོས་ཆོད་འཇོག་མ་ཐུབ་པར་ཚོགས་འདུ་གྲོལ་དགོས་བྱུང་ཞིང་། འདི་ནི་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུ་ཡུན་རིང་ཤོས་སུ་གྱུར་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ རྗེས་ནས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་གྲོས་ཆོད་འཇོག་མ་ཐུབ་པའི་བློ་ཕམ་གྱི་ཚོགས་འདུ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག

རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྟེང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་དབྱིན་ཡུལ། ཨོ་གླིང་སོགས་འཛམ་གླིང་རྒྱལ་ཁབ་ ༡༣༠ ལྷག་གིས། གྲོས་ཆོད་ནང་རྡོ་སྣུམ་གྱི་བུད་རྫས་རིགས་བཀོལ་སྤྱོད་བྱ་རྒྱུ་བཀག་འགོག་དགོས་པའི་གྲོས་གཞི་ཁག་མེད་པར་བཟོས་པར་ངོ་རྒོལ་བྱས་པ་དང་། སྣོམ་གྱི་ཐོན་ཁུངས་ཆེ་བའི་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་གཙོ་བྱས་པའི་འཛམ་གླིང་རྒྱལ་ཁབ་ ༦༠ ལྷག་གིས་རྡོ་སྣུམ་གྱི་བུད་རྫས་སྐོར་གྲོས་ཆོད་ནང་ནས་བསུབ་དགོས་པའི་གྲོས་གཞི་བཏོན་ཡོད་འདུག་ལ། ད་དུང་ཚོགས་ཆེན་སྟེང་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁའི་ཁྲོད་དུ་ཡོད་པའི་བལ་ཡུལ་དང་བྷང་ལ་ཌི་ཤི་སོགས་རྒྱལ་ཁབ་ ༤༤ ཡི་དཀའ་ངལ་སེལ་སླད་རྒྱལ་ཚོགས་ནས་ཨ་སྒོར་ཐེར་འབུམ་ ༡༢༠ རོགས་སྐྱོར་བྱ་རྒྱུ་ཡིན་པའི་གྲོས་ཆོད་ཀྱང་མེད་པར་བཟོ་དགོས་བྱུང་ཡོད་པ་རེད།

རྒྱལ་ཚོགས་ཀྱི་དྲུང་ཆེ་ཨན་ཊོ་ནེ་ལགས་ཀྱིས། ཐེངས་འདིའི་ཚོགས་ཆེན་སྟེང་རྡོ་སྣུམ་གྱི་བུད་རྫས་བཀོལ་སྤྱོད་ཁོ་ནར་རྔམ་སྟེ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གསལ་ཐབས་ཀྱི་གྲོས་ཆོད་ཅིག་འཇོག་མ་ཐུབ་པར་བློ་ཕམ་དང་སྐྱོན་བརྗོད་ཡོད། ལྷག་པར་དུ་ད་ལྟ་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཚབས་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་རྒྱལ་ཁབ་མང་པོ་ཞིག་ལ་རེ་བ་བཅོལ་ཡོད་པ་ལྟར་གྲོས་ཆོད་འཇོག་མ་ཐུབ་པ་འདིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དཀའ་ངལ་ཇེ་ཆེར་བཏང་ཡོད་ཅེས་བརྗོད་འདུག

སི་ཨན་ཨན་གསར་ཁང་གི་གནས་ཚུལ་ལྟར་ན། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་བའི་གྲོས་ཆོད་འཇོག་མ་ཐུབ་པ་དེས། གོ་ལའི་ཚ་དྲོད་ཀྱི་ཚད་གཞི་དེ་ ༢།༨ ལས་བརྒལ་བའི་ཉེན་ཁ་ཡོད་ཅིང་། ད་ལྟའི་གོ་ལའི་ཚ་དྲོད་ཀྱི་ཚད་གཞི་ ༡།༤ ཡིན་ཡང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཁྲོད་འདི་ལོར་བལ་ཡུལ་ནང་ཆུ་ལོག་དང་ཡུ་རོབ་ནང་ཚ་དྲོད་ཆེ་དྲགས་པ་སོགས་འཛམ་གླིང་ས་ཕྱོགས་གང་སར་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ནི་ཕྱི་ལོ་ ༡༩༩༥ ལོར་ཐོག་མར་མགོ་བཙུགས་ཤིང་། དེང་རབས་ཀྱི་འཕྲུལ་རིགས་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ཁ་ཕྱོགས་ཁྲོད་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་དང་སེལ་ཐབས་སླད་འཚོག་བཞིན་ཡོད། ཚོགས་ཆེན་འདི་ནི་ལོ་རེར་འཛམ་གླིང་རྒྱལ་ཁབ་ཁག་རེས་མོས་ཀྱི་གཙོ་སྐྱོང་འོག་འཚོག་སྲོལ་ཡོད་པ་ལྟར་ལོ་རྗེས་མའི་ཚོགས་ཆེན་གྱི་གཙོ་སྐྱོང་བྱེད་མཁན་ཨི་ཐོ་པེ་ཡ་ཡིན་པ་རེད།

The post གྲོས་ཆོད་མེད་པའི་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན། appeared first on བོད་ཀྱི་དུས་བབ།.

Original Article