ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

2 hours ago

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོང་གཏན་འཁེལ་བའི་ཉིན་གཅིག་གི་སྔོན་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་འཛིན་རྣམ་རྒྱལ་གྱིས་གློག་སྡོང་ལ་འཛེགས་ཏེ་འཕྲེད་དར་དཔྱངས་ནས་ངོ་རྒོལ་བྱས་འདུག

ཁ་སང་ཕྱི་ཚེས་༢༢ ཨ་རིའི་དུས་ཚོད་ཀྱི་ཞོགས་པར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་འཛིན་རྣམ་རྒྱལ་གྱིས་ཨ་རིའི་གྲོས་ཚོགས་ཁང་ནས་བར་ཐག་སྤྱི་ལེ་ཁ་ཤས་ཀྱི་ནུབ་ཕྱོགས་སུ་ཆགས་པའི་པེན་སིལ་ཝེ་ནི་ཡ་ལམ་ཆེན་ (Pennsylvania Avenue NW) གྱི་གློག་སྡོང་ཞིག་ལ་འཛེགས་ཏེ། “སྲིད་དབང་སྒེར་གཅོད་པ་ཞི་ཅིན་ཕིན། ཁྱོད་ཀྱི་རྒྱལ་ཁམས་འཐོར་ཞིག་ཏུ་འགྲོ་ཡི་རེད། བོད་ལ་རང་དབང་ཐོབ་པར་ཤོག” ཅེས་དབྱིན་ཡིག་ནང་བྲིས་པའི་འཕྲེད་དར་ཞིག་ཐུར་དུ་བསྣར་ནས་ངོ་རྒོལ་བྱས་འདུག་པ་དང།ད་ལྟའི་ཆར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཁོང་གིས་སྐར་མ་གཅིག་དང་སྐར་ཆ་སུམ་ཅུ་སོ་ལྔ་ཅན་གྱི་བརྙན་ཐུང་ཞིག་གི་ནང་དུ་ལས་འགུལ་དེ་སྤེལ་དགོས་པའི་དམིགས་ཡུལ་སྐོར་དབྱིན་སྐད་ནང་བཤད་འདུག་པ་བོད་བསྒྱུར་བྱས་ནས་གཤམ་དུ་བཞག་ཡོད།

“ང་ལོ་དྲུག་ལ་སོན་སྐབས་རང་ལུས་མེ་སྲེག་ཅེས་པའི་མིང་ཚིག་དེའི་གོ་དོན་ཤེས་བྱུང་། ངའི་མིང་ལ་རྣམ་རྒྱལ་ཟེར། ང་ནི་ནེའུ་ཡོག་ནས་ཡོང་བའི་བོད་རིགས་སློབ་མའི་ལས་འགུལ་བ་ཞིག་དང་། བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ཞིག་ཡིན། ངས་ལས་འགུལ་འདི་སྤེལ་དགོས་དོན་ནི། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ལག་བསྟར་བྱས་པའི་ཕྱི་ཉིན་དེར། རང་ལོ་ ༥༢ ལ་སོན་པའི་བོད་རིགས་ལས་འགུལ་བ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་རྐྱེན་གྱིས་ཡིན། ང་ལོ་ན་ཆུང་དུས་ངོ་རྒོལ་ལས་འགུལ་ནང་ཐེངས་དང་པོ་མཉམ་ཞུགས་བྱེད་སྐབས་རང་བཙན་བློ་དགའ་ལགས་ངོ་ཤེས་བྱུང་། དེ་ནི་ཕྱི་ལོ་ ༢༠༡༢ ལོར་ཡིན་ཞིང་། སྐབས་དེར་རང་ལུས་མེར་བསྲེགས་གཏོང་མཁན་གྱི་གནས་ཚུལ་ཉིན་ལྟར་ཐོན་བཞིན་ཡོད་པས། ང་ཚོའི་སྤྱི་ཚོགས་ཀྱིས་དཀའ་ངལ་ཆེན་པོ་ཞིག་མྱོང་བཞིན་པ་ཤེས་བྱུང་། དེར་ངས་རང་བཙན་བློ་དགའ་ལགས་ཀྱི་འགོ་ཁྲིད་ནུས་པ་དང་འཇིགས་ཞུམ་མེད་པའི་སྙིང་སྟོབས་ཤེས་བྱུང་། མི་གཅིག་གི་སྟོབས་ཤུགས་ཀྱིས་ན་ཟུག་དེ་རེ་བ་དང་། ཕུགས་བསམ་དེ་ལག་ལེན་དུ་བསྒྱུར་ཐུབ་པ་ཤེས་བྱུང་། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ། དེང་སང་འཛམ་གླིང་ནང་རང་དབང་མེད་པའི་ས་ཁུལ་གྱི་ཡ་གྱལ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་བཟོ་བ་དང་། གཏེར་ཁ་སྔོག་འདོན། འཛུགས་སྐྲུན་བྱེད་པ་བཅས་ཀྱིས་སྐྱེ་ཁམས་གཏོར་བཤིག་གཏོང་བཞིན་ཡོད་ལ། མི་ཐེར་འབུམ་གཉིས་ཀྱི་འཚོ་བའི་རྟེན་གཞིར་གྱུར་བའི་ཆུ་བོ་རྣམས་དེ་ནས་བཞུར་ཡོང་གི་ཡོད། འདི་ནི་བོད་པ་གཅིག་པུར་བྱུང་བའི་གནས་ཚུལ་མ་རེད། ཡུ་གུར་བ་དང་། ཧོང་ཀོང་བ། ལྷོ་སོག། དེ་བཞིན་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་མི་རིགས་གཞན་དག་ཚང་མ་རྩ་མེད་དུ་གཏོང་བའི་ཉེན་ཁའི་མཚམས་སུ་བསྐྱལ་ཡོད། ལྷག་པར་དུ་དམར་ཤོག་ཚོགས་པས་ང་ཚོ་མེད་པ་བཟོ་ཐབས་ཀྱི་ཁྲིམས་ལུགས་གསར་པ་བཟོ་བཞིན་ཡོད། ངས་ལས་འགུལ་འདི་སྤེལ་དོན་ནི། རང་བཙན་བློ་དགའ་ལྟར།  བོད་ལ་རང་དབང་འཐོབ་རྒྱུ་ཡིན་པ་གདེང་ཚོད་ཡོད་པས་ཡིན།  ངས་ལས་འགུལ་འདི་སྤེལ་དོན་ནི། བོད་ཀྱི་རང་དབང་ཆེད་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ཡིན། གལ་ཏེ་རྒྱ་ནག་དམར་ཤོག་ཚོགས་པས་བོད་དེ་བཙན་བཟུང་བྱས་མེད་ན། ཁོང་ཚོ་ད་ལྟ་ང་ཚོ་དང་མཉམ་དུ་གསོན་པོར་གནས་ཡོད། ངས་ལས་འགུལ་འདི་སྤེལ་དོན་ནི། ཁོང་ཚོས་ཚེ་སྲོག་བློས་གཏོང་མ་བྱས་སྔོན། འགྱུར་བ་གཏོང་བའི་དུས་ཚོད་ནི་ད་ལྟ་ཡིན་པ་དང་། མི་སུས་ཀྱང་འགྱུར་བ་འདི་བཀག་འགོད་བྱེད་མི་ཐུབ། ཐ་ན་ཞི་ཅིན་ཕིན་གྱིས་ཀྱང་བཀག་འགོག་བྱེད་མི་ཐུབ་པའི་ཡིད་ཆེས་བྱས་ཡོད། བོད་ལ་རང་དབང་ཐོབ་པར་ཤོག”

དུས་བབ་གསར་ཁང་གིས་སྤེལ།

The post ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད། appeared first on བོད་ཀྱི་དུས་བབ།.

Original Article