གཤམ་གསལ་གྱི་རྩོམ་ཡིག་འདི་ནི། ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༥ ཉིན་བོད་ཀྱི་དུས་བབ་དབུ་བརྙེས་ནས་མི་ལོ་སུམ་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་དང་སྦྲགས། ‘བོད་ཀྱི་གསར་འགོད་ལས་རིགས་ཀྱི་ད་ལྟའི་གནས་བབ་དང་མ་འོངས་མདུན་ལམ’ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སྐབས་གཏམ་བཤད་པ་གསུམ་ལས་གཅིག་སྟེ། གློག་བརྙན་བཟོ་མཁན་ཕྱོགས་ལས་བསྟན་འཛིན་ཚེ་བརྟན་གྱི་གཏམ་བཤད་ཀྱི་མ་ཡིག་ལས་གྲུབ་པ་ཞིག་རེད།
བཀྲ་ཤིས་རྣམ་རྒྱལ་གྱིས་དབྱིན་ཡིག་ལས་བསྒྱུར།
བཀྲ་ཤིས་བདེ་ལེགས། ཐོག་མར་བོད་ཀྱི་དུས་བབ་གསར་ཁང་གི་ལོ་འཁོར་དུས་དྲན་ལ་འཚམས་འདྲིའི་བཀྲ་བདེ་ལེགས་ཞུ་རྒྱུ་དང་། དེ་ནས་ཁོ་བོ་འདིར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུ།
བོད་ཀྱི་གསར་འགོད་ལས་རིགས་ཀྱི་མདུན་ལམ་སྐོར་ལ་སྐད་ཆ་བཤད་དགོས་པའི་རེ་སྐུལ་འབྱོར་སྐབས། དང་ཐོག་ངའི་ཡིད་ལ་འཁོར་བ་ནི་རང་ཉིད་གློག་བརྙན་བཟོ་མཁན་ཞིག་ཡིན་པ་ལས། གསར་འགོད་པ་ཞིག་མིན་པ་དེ་རེད། དེར་བརྟེན་རང་ངོས་ནས་བགྲོ་གླེང་དེར་ཕན་ཐོགས་པའི་སྐད་ཆ་ཞིག་ཤོད་ཐུབ་མིན་ཐད་ཀྱང་ཐེ་ཚོམ་ཟ། ཡིན་ན་ཡང་། གསར་འགོད་པ་དང་གློག་བརྙན་བཟོ་མཁན་གྱི་དབར་ལ་གཞི་རྩའི་ཆ་ནས་འདྲ་བའི་ཕྱོགས་ཀྱང་མེད་པ་ག་ལ་ཡིན། ང་ཚོས་བརྟག་ཞིབ་བྱེད་པ་དང་། ཉན་འཇོག་བྱེད་པ། ཡི་གེར་བཀོད་པ། ད་དུང་གཞན་གྱི་ལོ་རྒྱུས་བཤད་པ་སོགས་གཅིག་མཚུངས་ཡིན།
ཁོ་བོས་ཀྱང་ནམ་རྒྱུན་རང་ཉིད་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཟུར་ཞིག་ཏུ་ལས་ཀ་བྱེད་མཁན་ཞིག་སྟེ། ནང་མི་ཁོ་ན་ཙམ་ཡང་མིན་ལ། ཕྱི་མི་ཁོ་ན་ཙམ་ཡང་མིན་པའི་ངོ་བོའི་ཐོག་གནས་ཡོད་པ་ཚོར་བཞིན་ཡོད། ང་བོད་ཀྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་ནས་འཚར་ལོངས་བྱུང་བ་ཡིན་སྟབས། ང་ལ་ཆ་རྒྱུས་ཡོད་པའི་འཛམ་གླིང་ཡང་དེ་ཡིན། དེ་ལྟར་ན་ཡང་། གློག་བརྙན་བཟོ་སྐྲུན་གྱི་ལས་ཀས་ང་ལ་རྒྱུས་མངའ་ཆེ་བའི་ཁོར་ཡུག་དེ་ལས་ཕྱིར་བུད་དེ། བསྐྱར་དུ་དེ་ལ་ཕྱིར་མིག་འཕེན་དགོས་ཚུལ་བསླབས་བྱུང་། སྐབས་རེར་རྒྱང་ཐག་ཅུང་ཟད་བཅད་པ་ཙམ་གྱིས་ང་ཚོ་ལ་རྒྱུས་མངའ་ཆེ་དྲགས་པས་མཐོང་མ་ཐུབ་པ་དག་ལ་ཡང་དོ་སྣང་འབྱུང་ངེས་རེད།
གསར་འགོད་པས་དུས་ད་ལྟ་དོན་དག་ཅི་ཞིག་འབྱུང་བཞིན་པའི་སྐོར་ལ་སྐད་ཆ་ཡང་ཡང་འདྲི་བ་དང་། གློག་བརྙན་བཟོ་མཁན་ཞིག་ལ་མཚོན་ན། ལྷག་པར་དུ་དངོས་བྱུང་གློག་བརྙན་བཟོ་བའི་སྐབས་སུ། ཁོ་བོས་རྒྱུན་དུ་ད་ནས་བརྩིས་པའི་ལོ་ངོ་ཉི་ཤུའི་རྗེས་སུ་དུས་སྐབས་བྱེ་བྲག་པ་འདིས་ཅི་ཞིག་མཚོན་ངེས་སམ་ཞེས་རང་ཉིད་ལ་འདྲི་བཞིན་ཡོད། ངས་བལྟས་ན། བོད་ཀྱི་གསར་འགོད་ལས་རིགས་ཀྱིས་དྲི་བ་འདི་གཉིས་འདྲི་དགོས་པར་འདོད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དེ་རིང་ང་ཚོས་ཡི་གེར་ཕབ་པ་དེ་ནི་གསར་འགྱུར་ཙམ་མ་ཡིན་པར། མཐར་དེ་ཡང་ལོ་རྒྱུས་སུ་འགྱུར་ངེས་རེད།
ཕྱི་ལོ་ ༢༠༡༣ ལོར། ངས་ <<ཕ་ས་བུ་ཐུག>> ཅེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོས་པ་ཡིན། གློག་བརྙན་དེ་ནི་དེང་རབས་ཀྱི་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་དང་། ཁོང་གི་ལས་གཞི་སྟེ། བོད་ཀྱི་ས་རྡུལ་ཀི་ལོ་ཁྲི་གཉིས་ལྷག་རྒྱ་གར་དུ་ཁྱེར་ནས་བོད་མི་རྣམས་ལ་བོད་ཀྱི་ས་སྟེང་ལ་གོམ་པ་སྤོ་འཇུག་པའི་སྐོར་ཡིན། སྐབས་དེར་ཁོ་བོས་སྒྱུ་རྩལ་བ་ཞིག་དང་། ཁོང་གི་བརྩམས་ཆོས། དེ་དང་འབྲེལ་བའི་བོད་མི་རྣམས་ཀྱི་ཡ་ལན་བཅས་བརྙན་ལ་བླངས་པ་ཙམ་ལས། ཡིག་མཛོད་ཅིག་གསར་བཟོ་བྱེད་བཞིན་ཡོད་པ་བསམ་མ་མྱོང་།
ཡིན་ནའང་། ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རྗེས་སུ། གློག་བརྙན་དེ་ལས་དོན་སྙིང་གསར་པ་ཞིག་བརྙེད་པ་རེད། དེ་ནི་བོད་ཀྱི་དེང་རབས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་ཞིང་། གཏམ་རྒྱུད་ཀྱི་དངོས་བྱུང་གློག་བརྙན་ཐོག་མ་དེ་ཡིན་ལ། དེ་ནས་བཟུང་གློག་བརྙན་དེ་བོད་ཀྱི་དེང་རབས་སྒྱུ་རྩལ་དང་བཙན་བྱོལ་གྱི་སྒྱུ་རྩལ་སྐོར་ལ་སློབ་སྦྱོང་བྱེད་མཁན་དག་གིས་ཉམས་ཞིབ་དང་ཞིབ་འཇུག་གི་རྒྱུ་ཆ་རུ་བེད་སྤྱོད་བཏང་དང་གཏོང་མུས་ཡིན། དེ་ལྟར་བསམ་བཞིན་དུ་སྒྲུབ་པ་ཞིག་མིན་ནའང་། གློག་བརྙན་དེས་སྔོན་གྱི་ལམ་ཀ་དང་། མིའི་ངོ་གདོང་། གླེང་མོལ། ལྟ་ཚུལ། ཚོར་བ་སོགས་ཉར་ཚགས་བྱས་ཡོད་ཨང་། དེ་ནི་ང་ཚོའི་ལོ་རྒྱུས་ཀྱི་དུས་མཚམས་བྱེ་བྲག་པ་ཞིག་གི་བཙན་བྱོལ་བོད་མིའི་སྣང་བརྙན་ཞིག་ཏུ་གྱུར་ཡོད།
དེ་ལས་ང་ལ་རིན་ཐང་ལྡན་པའི་བསླབ་བྱ་ཞིག་ཐོབ་པ་ནི། ང་ཚོས་ནམ་རྒྱུན་ཅི་ཞིག་ཡི་གེར་འབེབ་པའམ་བརྙན་དུ་ལེན་བཞིན་པའི་སྐབས་སུ་བྱ་བ་དེའི་ལོ་རྒྱུས་ཀྱི་རིན་ཐང་རྟོགས་མི་ཐུབ་པ་དེ་ཡིན།
ཉེ་ཆར་ང་ལ་དེ་ལས་ལྡོག་པའི་མྱོང་བ་ཞིག་ཐོབ་བྱུང་། ཁ་སང་རང་ང་ཚོས་འཁྲབ་ཁྲིད་པ་བསོད་ནམས་ཚེ་བརྟན་གྱི་གཏམ་རྒྱུད་གློག་བརྙན་ <<རྒྱུ་བའི་སྤྲིན་པ>> ཞེས་པ་དེའི་བརྙན་པར་བླངས་ཚར་ཙམ་ཡིན། དེའི་ནང་གི་མི་སྣ་གཙོ་བོ་གཅིག་ནི་ས་གནས་སུད་སིའི་བོད་མི་བུ་ཚབ་ཏུ་ཕྱིན་པ་ཞིག་ཡིན་ལ། ཕྱིར་རྡ་རམ་ས་ལར་རང་གི་ནང་མི་འཚོལ་དུ་ཡོང་བ་འཁྲབ་སྟོན་བྱས་ཡོད།
གཏམ་རྒྱུད་དེའི་ཐད་ཁོ་བོས་འཁྲབ་ཁྲིད་ལས་རོགས་དང་གློག་བརྙན་བཟོ་སྐྲུན་གྱི་ལས་ཀ་བྱས་པ་ཡིན་ལ། གཏམ་རྒྱུད་འབྲི་བའི་སྐབས་སུ། ང་ཚོས་བཙན་བྱོལ་དུ་ལོ་ངོ་བཅུ་ཕྲག་འགའི་སྔོན་ལ་བོད་ཕྲུག་རྣམས་ཕྱིའི་རྒྱལ་ཁབ་ཁག་ལ་བུ་ཚབ་ཏུ་སྟེར་བའི་སྐོར་ལ་ཉམས་ཞིབ་བྱེད་འགོ་བརྩམས་པ་ཡིན། ང་ཚོས་བུ་ཚབ་ཏུ་སྟེར་བའི་བོད་ཕྲུག་གི་གྲངས་ཀ་མང་པོ་ཡིན་པ་ཤེས་ན་ཡང་། ཁོ་ཚོའི་ལོ་རྒྱུས་འཚོལ་འགོ་བརྩམས་པ་ན། ཡིད་ཆེས་དཀའ་བ་ཞིག་ལ་ཁོ་ཚོའི་ལོ་རྒྱུས་ཡི་གེ་དང་བརྙན་པར་དུ་ཕབ་པ་ཧ་ཅང་དཀོན།
ཁོ་ཚོའི་བསམ་ཚུལ་གང་དུ་ཡོད། བྱིས་པ་དེ་ཚོ་བུ་ཚུབ་ཏུ་སྟེར་བའི་སྐབས་ཀྱི་གནས་སྟངས་ཇི་འདྲ་ཡིན་ནམ། ཁོ་ཚོའི་ནང་མི་དག་གི་ཚོར་བ་ཇི་འདྲ་ཡིན་ནམ། རྒྱལ་ཁབ་སུད་སི་དང་། ཧྥ་རན་སི། ཨ་རི། དེ་མིན་གཞན་ནས་འཚར་ལོངས་བྱུང་བའི་བྱིས་པ་དེ་དག་གི་ཉམས་མྱོང་ཇི་འདྲ་ཡིན་ནམ། ཁོ་ཚོ་ཕྱིར་ལོག་ཡོད་དམ། ཁོ་ཚོས་རང་གི་ནང་མི་བཙལ་ཡོད་དམ། ཁོ་ཚོས་བོད་མིའི་ངོ་བོའི་ཐད་གོ་བ་ཇི་ལྟར་ལེན་གྱི་ཡོད་དམ།
ལོ་རྒྱུས་དེ་དག་ཕལ་ཆེ་བ་མི་སྒེར་གྱི་དྲན་ཤེས་དང་བྱུང་བ་ཐར་ཐོར་ཙམ་བརྒྱུད་ནས་གནས་དགོས་པར་སྣང་།
དེ་ལྟར་གློག་བརྙན་དེ་གཉིས་ཀྱི་ཕྱོགས་གཉིས་ནས་ང་ལ་བསླབ་བྱ་གཅིག་ཐོབ་བྱུང་། དེ་ཡང་ <<ཕ་ས་བུ་ཐུག>> ཅེས་པའི་གློག་བརྙན་ལས་ང་ཚོས་དེ་རིང་ཡི་གེ་དང་བརྙན་པར་དུ་གང་ཕབ་པ་དེ་ནི་སང་ཉིན་གྱི་ཡིག་མཛོད་དུ་འགྱུར་ངེས་པ་ཤེས་བྱུང་ལ། <<རྒྱུ་བའི་སྤྲིན་པ>> ལས་ཉམས་མྱོང་དག་ཡི་གེར་མ་ཕབ་ན། ལོ་ངོ་བཅུ་ཕྲག་འགའི་རྗེས་སུ་ལོ་རྒྱུས་དེ་བསྐྱར་སྐྲུན་བྱ་རྒྱུ་ནི་ཧ་ཅང་གིས་དཀའ་ལས་ཁག་པོར་འགྱུར་ངེས་པ་རྟོགས་བྱུང་།
གནས་ཚུལ་དེ་ལ་བརྟེན་ནས་ཁོ་བོས་དེང་སང་གི་བོད་ཀྱི་གསར་འགོད་ལས་རིགས་ལ་ལྟ་སྐབས་ཡིད་ལ་འཁོར་བའི་གནད་དོན་ཞིག་དྲན་སོང་། ང་ཚོའི་གསར་ཁང་དག་གིས་བོད་དང་། ཆབ་སྲིད། ༸གོང་ས་མཆོག བོད་མིའི་སྒྲིག་འཛུགས། རིན་པོ་ཆེ་རྣམ་པ། ཆོས་སྡེ། བྱེད་སྒོ་གལ་ཆེན་དག་ལ་དོ་སྣང་ཆེར་བྱེད་པ་ནི་སྨོས་མེད་རེད།
འདི་དག་ཚང་མ་གལ་ཆེན་རེད། ཡིན་ན་ཡང་། ངས་མཚམས་རེར་བོད་ཀྱི་ལོ་རྒྱུས་གླེང་དུས་ང་ཚོ་ཡར་ལ་བལྟ་རྒྱུར་གོམས་དྲགས་མེད་ན་བསམ་གྱི་འདུག གཅིག་བྱས་ན་ང་ཚོས་རང་གི་མཐའ་འཁོར་གྱི་མི་དམངས་ཕལ་བ་ལ་ཡང་བལྟ་དགོས་ངེས་རེད།
དེས་ན་ཞིང་པ་དང་། དགེ་རྒན། སྟོད་ཐུང་འཚོང་མཁན། ཚོང་ཁང་གི་བདག་པོ། སྨན་ཞབས། ཇ་མ། གླ་འཁོར་གྱི་ཁ་ལོ་བ། བྱིས་པ་གསོ་སྐྱོང་བྱེད་མཁན་གྱི་ཨ་མ། ད་དུང་གཞིས་ཆགས་ལ་ཁེར་རྐྱང་ངང་སྡོད་མཁན་རྒན་རབས་པ་སོགས་ལ་བལྟ་མི་དགོས་སམ། ཁོ་ཚོས་ཉམས་མྱོང་ག་རེ་བརྒྱུད་ཡོད་དམ། ཁོ་ཚོས་བློས་གཏོང་ག་རེ་བྱས་ཡོད་དམ། ཁོ་ཚོ་ལ་རེ་བ་ཅི་ཡོད་དམ། ཁོ་ཚོའི་མི་ཚེ་ཡི་བྱུང་བ་གསར་ཤོག་ཁག་གི་བརྗོད་གཞི་གཙོ་བོར་འགྱུར་དཀའ་ན་ཡང་། ཁོ་ཚོའི་གཏམ་རྒྱུད་ཀྱི་བྱུང་བ་མེད་ན། ང་ཚོའི་ལོ་རྒྱུས་ཆ་ཚང་བ་ཞིག་ཡོང་ཐབས་མེད།
དེང་སང་བོད་ཀྱི་སྤྱི་ཚོགས་སྔར་ལས་འགྱུར་བ་མགྱོགས་སུ་འགྲོ་བཞིན་ཡོད་དུས། དེ་ལས་ཀྱང་མི་དམངས་ཕལ་བ་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། དང་ཐོག་བོད་ནས་ཡོང་མཁན་གྱི་མི་རབས་རྫོགས་ལ་ཉེ་བ་དང་། བཙན་བྱོལ་གྱི་གཞིས་ཆགས་ཁག་ལ་ཡང་འགྱུར་བ་ཐེབས་ཅིང་ཇེ་ཆུང་དུ་འགྲོ་བཞིན་ཡོད། བོད་ཀྱི་ན་གཞོན་རྣམས་ཀྱིས་རྒྱ་གར་བཞག་ནས་འགྲོ་བཞིན་ཡོད་ལ། ནང་མི་ཚོ་ཡང་འཛམ་གླིང་གི་གླིང་ཆེན་མི་འདྲ་བར་ཁ་འཐོར་དུ་གནས་ཡོད། ང་ཚོའི་སྐད་ཡིག་དང་། ཆོས་ལུགས། ངོ་བོ། གཉེན་སྒྲིག ལས་ཀ སྤྱི་ཚོགས་སོགས་ལ་བཟུང་བའི་འབྲེལ་བ་ལ་འགྱུར་བ་འགྲོ་བཞིན་ཡོད། དེ་ལྟར་ད་ནི་བོད་མིའི་ངོ་བོར་ལྟ་སྟངས་མི་འདྲ་བ་འཛིན་ངེས་པའི་མི་རབས་ཤིག་འཚར་ལོངས་བྱེད་བཞིན་པ་རེད།
དེར་བརྟེེན། སུ་ཞིག་གིས་གནས་ཚུལ་དེ་དག་ཚང་མ་ཉར་ཚགས་བྱེད་བཞིན་ཡོད། ད་ལྟ་ང་ཚོའི་ཉེ་འགྲམ་དུ་འབྱུང་བཞིན་པའི་གཏམ་རྒྱུད་དག་ལོ་ངོ་ལྔ་བཅུའི་རྗེས་སུ་མི་ཞིག་གིས་དེ་དག་ཚང་མ་བརྙན་ནམ་ཡི་གེར་ཕབ་ཡོད་ན་ཅི་མ་རུང་སྙམ་ངེས་མིན་ནམ། གཅིག་བྱས་ན་ཁོ་བོས་རྒྱུན་དུ་རང་གི་སྤྱི་ཚོགས་དང་རྒྱང་བཅད་ནས་ལས་ཀ་བྱེད་བཞིན་ཡོད་བསམ་པས་ཡིན་སྲིད་མོད། གང་ལྟར་མི་ཆེན་གཙོ་བོ་རྣམ་ལས་ཕལ་བའི་གཏམ་རྒྱུད་ལ་དོ་སྣང་ཤུགས་ཆེར་བྱེད་བཞིན་ཡོད། ང་ཚོའི་སྒྲིག་འཛུགས་དང་། ཆོས་དང་སྲིད་ཀྱི་དབུ་ཁྲིད་སོགས་གཙོ་བོ་རྣམས་གལ་ཆེན་པོ་ལོས་ཡིན་ཀྱང་། སྤྱི་ཚོགས་ནི་མི་སྣ་གལ་ཆེན་ཁོ་ན་ལས་གྲུབ་པ་ཞིག་ག་ལ་ཡིན།
མཚམས་རེར་ཡིད་དབང་འགུགས་པའི་འགྱུར་བ་མང་ཆེ་བ་ཞིག་མི་དམངས་ཕལ་བའི་ཁྲོད་དུ་འབྱུང་བཞིན་ཡོད། དེ་ཡང་དཔེར་ན་གཞིས་ཆགས་དང་ཁ་བྲལ་བའི་བོད་མི། རིག་གཞུང་འདྲ་མིན་གྱི་ཁྲོད་དུ་འཚར་ལོངས་བྱུང་བའི་བོད་ཀྱི་ན་གཞོན། སྒྱུ་རྩལ་བ། རོལ་མོ་བ། མི་རིགས་འདྲེས་མའི་ནང་མི། བུ་ཚབ། དེ་ཙམ་མ་ཟད་ང་ཚོས་ནམ་རྒྱུན་རང་ཉིད་ཀྱི་སྐོར་ལ་ཤོད་ཀྱིན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་འབྲེལ་བ་ཆེར་མེད་པའི་བོད་མི་ལྟ་བུ་བཅས་རེད།
ཕལ་བའི་མི་དམངས་ནི་བོད་ཀྱི་ལོ་རྒྱུས་དང་འབྲལ་ཐབས་མེད། བོད་ཀྱི་ལོ་རྒྱུས་ལ་འགྱུར་བ་ཐེབས་ས་དང་པོ་ཡང་མི་དམངས་ཕལ་བ་ཡིན། གཏམ་རྒྱུད་ཀྱི་བྱུང་བ་འདི་དག་ཉར་ཚགས་བྱེད་པར་དཔྱད་ཞིབ་གྲ་རྒྱས་པོ་དང་བརྙན་རིང་པོ་དེ་འདྲ་དགོས་པའི་ངེས་པ་ཡང་མེད། དེ་ཡང་མཚམས་རེར་འདྲ་པར་གཅིག་དང་། གླེང་མོལ་ཞིག སྐར་མ་ལྔ་ཅན་གྱི་བརྙན་ཞིག ངག་རྒྱུན་ལོ་རྒྱུས་ཀྱི་བཅར་འདྲི། ཡང་ན་གསར་འགོད་པས་གཞིས་ཆགས་ཀྱི་རྒན་འཁོགས་ཤིག་དང་མཉམ་དུ་ཉིན་གུང་གི་དུས་ཚོད་བསྐྱལ་ཙམ་བྱས་ན་འགྲིག
ང་ཚོས་དྲི་བ་སྟབས་བདེ་དེ་འདྲ་དྲིས་ཆོག་སྟེ། ཁྱེད་རང་འདིར་ཇི་ལྟར་འབྱོར། འདིར་སྡོད་དོན་ཅི་ཡིན། དེ་ནས་འདི་དང་འབྲལ་དོན་ཅི་ཡིན། ཅི་ཞིག་ཤོར་སོང་། རང་གི་བྱིས་པས་ཅི་ཞིག་བརྗེད་འགྲོ་བར་སེམས་ཁྲལ་འདུག དུས་ད་ལྟ་བོད་པ་ཞིག་ཡིན་པའི་གོ་བ་ཇི་ལྟར་ལེན་གྱི་ཡོད།
ཡིད་ཀྱི་འཆར་སྒོ་ཕྱེས་དང་། གལ་སྲིད་ང་ཚོས་ ༡༩༦༠ དང་ ༡༩༧༠། ༡༩༨༠ ནང་དུ་གླེང་མོལ་དེ་འདྲ་སྟོང་ཕྲག་མང་པོ་བརྙན་དང་ཡི་གེར་ཕན་ལེན་བྱས་ཡོད་ན། ད་ལྟ་ཡིག་མཛོད་དེ་ནི་ཇི་འདྲའི་དོན་སྙིང་ལྡན་པ་ཞིག་ཏུ་གྱུར་ཡོད་ངེས་རེད་ཨང་། དེ་ཡང་མི་སྣ་གལ་ཆེན་དང་། ཆབ་སྲིད་པ། རིན་པོ་ཆེ་རྣམ་ལ་བཅར་འདྲི་བྱེད་པ་ཙམ་མ་ཡིན་པར། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་མཁན་མི་དམངས་ཕལ་བ་རྣམས་ཀྱི་བསམ་ཚུལ་ཡང་ཚུད་དགོས།
གཏམ་རྒྱུད་ཀྱི་བྱུང་བ་ཐུང་ཐུང་དེ་དག་འབྱུང་སྐབས་གནད་འགག་ཆེ་བ་ཞིག་ཏུ་མི་སྣང་ན་ཡང་། གཏམ་རྒྱུད་ཐུང་ཐུང་དེ་འདྲ་སྟོང་ཕྲག་མང་པོ་བྱུང་ན། མཐར་དེ་ནི་དོན་སྙིང་གིས་ཕྱུག་པ་ཞིག་ཏུ་འགྱུར་ངེས་ལ། དེ་ནི་མི་དམངས་ཀྱི་ལོ་རྒྱུས་སུ་ཡང་གྱུར་བ་རེད།
ཕལ་ཆེར་བོད་ཀྱི་དུས་བབ་གསར་ཁང་གི་ལོ་འཁོར་དུས་དྲན་ལ་ཁོ་བོས་བཤད་འདོད་པའི་སྐད་ཆ་དེ་ཡིན། ལོ་ངོ་ལྔ་བཅུའི་རྗེས་སུ་མི་རྣམས་ཀྱིས་ ༢༠༢༦ ལོའི་བོད་མི་ཟེར་བ་དེ་ག་འདྲ་ཞིག་ཡོད་མེད་དུས་བབ་ཀྱི་ཡིག་མཛོད་བརྒྱུད་ནས་བལྟ་སྲིད་པ་རེད། ཁོ་ཚོས་གཅིག་བྱས་ན་མགོ་ཁྲིད་དག་གིས་ཅི་བཤད་དང་། གྲོས་ཚོགས་སུ་གྲོས་ཆོད་ག་རེ་གཏན་འབེབས་བྱས་ཡོད་མེད། ཆབ་སྲིད་ཀྱི་སྐོར་ལ་བགྲོ་གླེང་ག་རེ་བྱུང་ཡོད་པ་ཤེས་སྲིད། ཡིན་ནའང་། ཁོ་ཚོས་བོད་ཀྱི་ན་གཞོན་ཚོའི་ཕུགས་འདུན་ཅི་ཡིན་དང་། རོལ་མོ་གང་ལ་ཉན་པ་ཤེས་སྲིད་དམ། ཁོ་ཚོས་ང་ཚོའི་སྤོ་སྤོ་དང་རྨོ་མོ་རྣམས་ཀྱིས་ཅི་ཞིག་ལ་སེམས་ཁྲལ་བྱས་ཡོད་པ་དང་། ང་ཚོའི་ཕ་མ་རྣམས་ཀྱིས་བློས་གཏོང་ཅི་ཞིག་བྱས་པ། ང་ཚོ་ལ་གད་མོ་ཤོར་འཇུག་བྱེད་དེ་ཅི་ཡིན་པ། ང་ཚོ་ཁ་ཤས་ཤིག་མུ་མཐུད་འདིར་བསྡད་ཀྱང་རེ་འགའ་ཞིག་ཁ་གྱེས་དོན་ཅི། ང་ཚོས་ནང་མི་སྐྱོང་སྟངས་ཅི་ལྟར་ཡིན་པ། ད་དུང་ང་ཚོའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་དམིགས་བསལ་བ་འདིའི་ཁྲོད་ཀྱི་བོད་མི་ཕལ་བ་རྣམས་ཀྱི་མྱོང་ཚོར་ཅི་ཡིན་པ་སོགས་ཀྱང་ཤེས་སྲིད།
དེ་བས་གཅིག་བྱས་ན་ང་ཚོས་བོད་ཀྱི་གསར་འགོད་ལས་རིགས་ཀྱི་མདུན་ལམ་སྐོར་ལ་བསམ་བློ་གཏོང་སྐབས། དྲི་བ་ཞིག་ཡོད་པ་ནི་སང་ཉིན་ང་ཚོས་གསར་འགྱུར་ཅི་ཞིག་སྤེལ་དགོས་མིན་ཙམ་མ་ཡིན་པར། དུས་ད་ལྟ་ང་ཚོས་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་དགོས་པའི་དྲི་བ་དེ་གལ་ཆེན་པོ་ཡིན། དེ་ལས་ཀྱང་གལ་ཆེ་བ་ནི་མ་འོངས་པར་ཅི་ཞིག་དྲན་པར་འགྱུར་ངེས་པའི་དྲི་བ་དེ་ཡིན་ནོ།།
སྒྱུར་མཆན།
ནང་དོན་གྱི་ཆ་ནས་དབྱིན་ཚིག་ ‘story’ ཞེས་པ་དེ་གཏམ་རྒྱུད་དང་ལོ་རྒྱུས་གཉིས་ཀར་བསྒྱུར་ཡོད།
The post ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད། appeared first on བོད་ཀྱི་དུས་བབ།.




