དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

3 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་བོད་ཁྱིམ་སེ་ལ་ཀུའི་སློབ་གྲྭར་ཕེབས་འབྱོར་སྐབས་ཧར་པ་སྤུར་ས་གནས་འགོ་འཛིན་སྒྲོལ་མ་ཚེ་རིང་ལགས་དང་། སློབ་གྲྭའི་སློབ་སྤྱི། དགེ་ཆེ། དགེ་ལས་སློབ་ཕྲུག་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

སློབ་གྲྭའི་སློབ་སྤྱི་ནས་སློབ་གྲྭའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་གྲུབ་མཚམས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སློབ་མ་རྣམས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་སྟེ། དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་སློབ་གྲྭའི་འཛིན་ཁང་དང་ལས་ཁུངས་ཁག་ཏུ་གཟིགས་ཞིབ་གནང་ཡོད།

ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་སེ་ལ་ཀུའི་བོད་ཁྱིམ་བཟོ་རིག་སྒྱུ་རྩལ་སློབ་གཉེར་བསྟི་གནས་ཁང་དུ་ཕེབས་འབྱོར་སྐབས་བཟོ་རིག་སྒྱུ་རྩལ་བསྟི་གནས་ཁང་གི་ངེས་སྟོན་པ་དང་ལས་རོགས་རྣམས་ནས་ཕེབས་བསུ་ཞུས་པ་དང་སྦྲགས། དཔལ་ལྡན་བཀའ་བློན་མཆོག་ནས་སློབ་གཉེར་བསྟི་གནས་ཁང་གི་ཁོར་ཡུག་ལ་གཟིགས་ཞིབ་གནང་ཞིང་། འཛིན་སྐྱོང་ལས་བྱེད་དང་སློབ་ཕྲུག་རྣམས་དང་གྲོས་བསྡུར་གནང་ཡོད། སྐབས་དེར་སློབ་གཉེར་ཁང་གི་ཟས་རིགས་སྡེ་ཚན་ནས་ཉིན་གུང་གསོལ་ཚིགས་གྲ་སྒྲིག་གིས་སྐུ་མགྲོན་རྣམས་ལ་འདེགས་འབུལ་ཞུས་ཡོད།དེ་རྗེས་དཔལ་ལྡན་བཀའ་བློན་མཆོག་ཧར་པ་སྤུར་སཾ་བྷོ་ཊའི་སློབ་གྲྭར་ཆེད་ཕེབས་སྐབས་སློབ་གྲྭའི་འགན་འཛིན་དང་སློབ་ཕྲུག་རྣམས་ནས་བཀྲ་ཤིས་ཞོལ་པ་གཟིགས་འབུལ་དང་བཅས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གྲུབ་མཚམས། དཔལ་ལྡན་བཀའ་བློན་མཆོག་གིས་སློབ་གྲྭའི་འཛིན་ཁང་དང་ལས་ཁུངས་ཁག་ལ་རྟོག་ཞིབ་གནང་ཡོད། དེ་ནས་དགེ་ལས་དང་ལྷན་ཐུག་འཕྲད་ཀྱིས་དགེ་ལས་རྣམས་ནས་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བར་བསྔགས་བརྗོད་གནང་སྟེ་མུ་མཐུད་དེ་ལྟར་གནང་དགོས་པའི་སྐུལ་འདེད་གནང་ཡོད།

གོང་ཚེས་ཉིན་གྱི་ཕྱི་དྲོར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་པུ་རུ་ཝ་ལ་སཾ་བྷོ་ཊའི་སློབ་གྲྭར་ཕེབས་འབྱོར་སྐབས་སྤུར་ཝ་ལའི་ས་གནས་འགོ་འཛིན་དང་སློབ་གྲྭའི་དགེ་ལས། དེ་བཞིན་ས་གནས་ཀྱི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གྲུབ་བསྟུན། དཔལ་ལྡན་བཀའ་བློན་མཆོག་གིས་སློབ་གྲྭའི་འཛིན་ཁང་ལ་རྟོག་ཞིབ་དང་སློབ་གྲྭའི་འགན་འཛིན་རྣམས་དང་ཐུག་འཕྲད་གནང་ཡོད།

དེ་ནས་དཔལ་ལྡན་བཀའ་བློན་མཆོག་སྤོན་ཊ་ཆོས་གསུམ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་སྤོན་ཊ་ས་གནས་འགོ་འཛིན་གཙོས་པས་ས་གནས་འཐུས་ཚོགས་དང་ས་གནས་ཀྱི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད།ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་དཔལ་ལྡན་བཀའ་བློན་མཆོག་གིས་ཡན་ལག་སྨན་རྩིས་ཁང་དང་ས་གནས་ཀྱི་དགོན་སྡེ་ཁག དེ་བཞིན་ས་གནས་ཀྱི་ལས་ཁུངས་བཅས་སུ་གཟིགས་སྐོར་གནང་ཞིང་། སྐབས་དེར་ས་གནས་འགོ་འཛིན་ལྷན་བཅར་ཞུས་ཡོད། དེ་ནས་སཾ་བྷོ་ཊ་སྔོན་འགྲོ་སློབ་གྲྭ་དང་གཞི་རིམ་འོག་མའི་སློབ་གྲྭར་ཆེད་ཕེབས་ཀྱིས་དགེ་སློབ་རྣམས་དང་ཐུག་འཕྲད་གནང་ཞིང་། སློབ་གྲྭའི་འཛུགས་སྐྲུན་གྱི་དངོས་པོ་དང་མཐུན་རྐྱེན་ཁག་ལ་ཡར་རྒྱས་ཇི་ཞིག་གཏོང་དགོས་མིན་ཐོག་གཟིགས་ཞིབ་གནང་ཡོད།

ཆུ་ཚོད་ ༡༠།༣༠ ཙམ་ལ་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་ས་གནས་ཀྱི་མི་མང་རྣམས་དང་ཐུག་འཕྲད་གནང་སྟེ་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག དེ་བཞིན་གཞི་རྩའི་ཤེས་ཡོན་སྲིད་བྱུས་ཀྱི་གལ་གནད་བཅས་ཀྱི་ཐོག་གསུང་བཤད་གནང་ཞིང་། མི་མང་གི་དྲི་བ་ཁག་ལ་ལེན་འདེབས་གནང་ཡོད།

དེ་རྗེས་དཔལ་ལྡན་བཀའ་བློན་མཆོག་སྤོན་ཊ་ཆོས་གསུམ་བོད་མིའི་གཞིས་ཆགས་ནས་དྷ་རམ་ས་ལར་ཕེབས་ཐོན་གནང་སྟེ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད་པ་བཅས། །

Original Article