༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༢༣ ནས་ ༢༦ དབར་བོད་མའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོ་ཊ་ཝར་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད་ཅིང་། ཉིན་གྲངས་གསུམ་དང་ཕྱེད་ཀའི་རིང་གི་ལས་རིམ་དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེམ་སི་མ་ལོ་ནི་ (James Maloney) ལགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན།
འཚམས་གཟིགས་རིང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཆབ་སྲིད་ཚོགས་པ་མི་འདྲ་བའི་གྲོས་ཚོགས་འཐུས་མི་ ༢༣ དང་ཐུག་འཕྲད་གནང་ཞིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱེད་བཞིན་པར་གདོང་ལེན་དང་། བོད་ཀྱི་ངོ་བོར་རྩ་མེད་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རྒྱ་བསྐྱེད་གཏོང་རྒྱུར་དམིགས་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ཕྱིར་འཐེན། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཅེས་ནན་བརྗོད་གནང་སྟེ། བོད་ཀྱི་ལོ་རྒྱུས་ཐད་རྒྱ་ནག་གི་འཁྱོག་བཤད་བྱེད་བཞིན་པར་གདོང་ལེན་བཅས་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད།
ཁེ་ན་ཌའི་གྲོས་ཚོགས་སུ་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེམ་སི་མ་ལོ་ནི་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དགའ་བསུའི་ཆེ་བསྟོད་ཞུས་པ་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༸སྐུའི་ཡང་སྲིད་ངོས་འཛིན་གྱི་སྐུ་དབང་ཡོངས་རྫོགས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་གསུངས་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱལ་སྤྱིའི་པར་སྐྲུན་ཁང་ Optimum Publishing International ཞེས་པའི་གོ་སྒྲིག་འོག་སློབ་དཔོན་ལའོ་ལགས་ཀྱིས་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ལ་དབྱེ་ཞིབ་ཀྱིས་བརྩམས་པའི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོར་ཆེད་ཕེབས་དང་དེ་བཞིན་གསར་འགོད་ལྷན་ཚོགས་ཐོག་མཉམ་ཞུགས་གནང་ཡོད།
འཚམས་གཟིགས་རིང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ལྷན་ཞུགས་གནང་ཡོད་པ་བཅས། །



