༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རི་ཝ་ཤིང་ཊོན་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ཉིན་དང་པོ་དེ་བཞིན་བྱང་ཨ་རི་སྐུ་ཚབ་དོན་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་སྡེ་ཚན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་འཆར་འགན་འཛིན་བཅས་དང་ལྷན་བགྲོ་གླེང་གིས་འགོ་འཛུགས་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་གི་ཐོག་བཀའ་བསྡུར་གནང་བ་མ་ཟད། གྲོས་ཚོགས་གོང་མའི་འཐུས་མི་ཁི་རི་སི་ཝན་ཧོ་ལེན་ (Chris Van Hollen) ལགས་ཀྱི་ལས་རོགས་དང་ལྷན་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ་བོད་ནང་གི་ད་ལྟའི་གནས་སྟངས་ཐོག་བགྲོ་གླེང་གནང་ཡོད།
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམར་པོའི་སྲིད་གཞུང་གི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པས་ (Victims of Communism Memorial Foundation) གོ་སྒྲིག་ཞུས་པའི་རྒྱ་ནག་གི་གླེང་སྟེགས་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད་ཅིང་། ཚོགས་འདུའི་ཐོག་གསུང་བཤད་མ་གནང་གོང་འབུམ་རམས་པ་ཨེ་ཌི་རི་ཨན་ཛན་ཛི་ (Adrian Zenz) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། སྐབས་དེར་བོད་དོན་ཐོག་མཁས་པ་ཁག་གཅིག་གིས་གསུང་བཤད་གནང་ཡོད། དེ་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་དང་གཞུང་ཚབ་པ་པཽ་ལཱ་དྷོ་བི་རིན་སི་ཀི་ (Paula Dobriansky) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་ཡོད་པ་བཅས། །





