བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

2 hours ago

མངའ་རིས་ས་ཁུལ་གྱི་རྫོང་ཁག་བདུན་ཏེ། སྒར་རྫོང་དང་སྤུ་ཧྲེང་རྫོང་། རྩ་མདའ་རྫོང་། རུ་ཐོག་རྫོང་། དགེ་རྒྱས་རྫོང་། སྒེར་རྩེ་རྫོང་། མཚོ་ཆེན་རྫོང་བཅས་ཀྱི་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས་ཡོད་འདུག

ཕྱི་ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༧ བར། མངའ་རིས་ཁུལ་གྱི་རྫོང་ཁག་བདུན་ལ་གངས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག། གངས་ཀྱི་ཆ་སྙོམས་མཐུག་ཚད་མི་ལི་མི་ཊར་ ༡༢༡.༩ སླེབས་ཡོད་འདུག སྤུ་ཧྲེང་རྫོང་དང་རྩ་མདའ་རྫོང་ལ་གངས་ཀྱི་མཐུག་ཚད་མི་ལི་མི་ཊར་ ༡༥ ནས་ ༣༥ བབས་ཡོད་པ་དང་། མཚོ་ཆེན་རྫོང་གི་ལྷོ་ངོས་སུ་མཐུག་ཚད་མི་ལི་མི་ཊར་ ༨ ནས་ ༡༥ བར་བབས་འདུག རུ་ཐོག་རྫོང་གི་བྱང་ཤར་དང་། སྒེར་རྩེ་རྫོང་གི་ལྷོ་ནུབ་དང་བྱང་ངོས། སྒར་རྫོང་གི་ལྷོ་ཤར། དགེ་རྒྱས་ཀྱི་ལྷོ་བྱང་བཅས་སུ་མཐུག་ཚད་མི་ལི་མི་ཊར་ ༦ ནས་ ༢༠ བར་བབས་ཡོད་འདུག

མཁའ་དབྱིངས་མངའ་རིས་ཞེས་པའི་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། གངས་རིན་པོ་ཆེ་ཡུལ་སྐོར་ས་ཁུལ་དུ་གློ་བུར་དུ་ཁ་བ་ཆེན་པོ་བབས་པས། གངས་སྐོར་ལམ་ཁར་གངས་ཀྱིས་གཡོགས་ཡོད་པ་དང་། འགྲོ་འོང་བྱེད་པ་ལ་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་ཡོད། ཡུལ་སྐོར་བ་དང་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་ཆེད། ༢༠༢༦ ལོའི་ཟླ་ ༩ ཚེས་ ༢༦ ཉིན་གྱི་ཆུ་ཚོད་ ༢:༠༠ ནས་བཟུང་། གངས་རིན་པོ་ཆེར་ཡུལ་སྐོར་བྱ་རྒྱུ་རེ་ཞིག་མཚམས་འཇོག་བྱ་རྒྱུ་དང་། ཡུལ་སྐོར་བ་དང་ས་གནས་མང་ཚོགས་རྣམས་ཡུལ་སྐོར་ས་ཁུལ་དུ་འགྲོ་འོང་བཀག་སྡོམ་བྱ་རྒྱུ། སླར་ཡང་སྒོ་འབྱེད་པའི་དུས་ཚོད་ཐད་ནས་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན། ཞེས་བཀོད་འདུག་པ་དང་། གངས་རིན་པོ་ཆེའི་སྐོར་ལམ་བཀག་པར་བརྟེན་གནས་སྐོར་བ་དང་འབྲོག་པ་མང་ཚོགས་ཀྱི་འགྲོ་ལམ་འགག་ཡོད་འདུག

སྐབས་དེར་སྤུ་ཧྲེང་རྫོང་དུ་ལུས་པའི་ཡུལ་སྐོར་བས་གངས་ཀྱི་མཐུག་ཚད་ལ་མི་ཊར་ ༡ ལྷག་འདུག ཅེས་བརྗོད་འདུག གནམ་གཤིས་སྔོན་བརྡ་ལྟར་ན། སྤུ་ཧྲེང་རྫོང་དང་རྩ་མདའ་རྫོང་ལ་མི་ལི་མི་ཊར ༡༥ ནས་ ༣༥ དང་། ས་ཁུལ་གཞན་དག་ལ་མི་ལི་མི་ཊར་ ༢༠ ནས་ ༥༠ བར་གྱི་ཁ་བ་ཚབས་ཆེན་པོ་དང་། འབབ་ཐེངས་གཉིས་པའི་ཁ་བའི་མཐུག་ཚད་སེན་ཊི་མི་ཊར་ ༥ ནས་ ༢༠ ཡིན་པའི་སྔོན་བརྡ་བཏང་ཡོད་འདུག

ཐེངས་འདིའི་གངས་སྐྱོན་གྱིས་རྐྱེན་པས་མངའ་རིས་ཁུལ་གྱི་ས་ཁང་མང་པོ་ཁ་བས་མནན་པ་དང་། སྡོད་ཁང་ཞིག་པ། ཁ་བའི་མཐུག་ཚད་མི་ཊར་ ༡ ལྷག་བརྒལ་བ། གནས་ཆེན་གངས་རིན་པོ་ཆེ་ཁ་བའི་གཡོགས་པས་ལམ་ཁ་འགག་པ། ཡུལ་སྐོར་བ་དང་འབྲོག་པ་མང་པོ་ལམ་དུ་འགག་ནས་ཟས་མེད་པར་ལྷག་པ། སྒོ་ཕྱུགས་མང་པོ་ལྟོགས་ཤི་དང་གྲང་ཤི་ཐེབས་ཡོད་པས། མང་ཚོགས་ལ་གྱོང་གུད་ཆེན་པོ་ཕོག་ཡོད་འདུག  དེ་མ་ཟད་མངའ་རིས་ཀྱི་ས་ཁུལ་ཡོངས་ལ་གློག་ཆད་པས་ཁ་པར་གྱི་བརྡ་རྟགས་ཆད་པ་སོགས་ཀྱི་དཀའ་ངལ་ཡང་བྱུང་ཡོད་ལ། མངའ་རིས་ལྷོ་ཕྱོགས་ཀྱི་སྤུ་ཧྲེང་དང་རྩ་མདའ་རྫོང་གཉིས་ནི་གནོད་ཐེབས་ས་ཁུལ་ཚབས་ཆེ་ཤོས་དེ་རེད་འདུག

བོད་མངའ་རིས་ས་ཁུལ་ནི་བལ་ཡུལ་དང་རྒྱ་གར་གྱི་བྱང་ཕྱོགས་དང་ས་འབྲེལ་ཡིན་པ་དང་། མཚོ་ངོས་ལས་མཐོ་ཚད་མི་ཊར་ ༤༥༠༠ ཡོད། ས་ཁུལ་དེའི་ནང་ཧི་མ་ལ་ཡའི་རི་རྒྱུད་དང་། གངས་ཏི་སེ། ཁུ་ནུ་རི་རྒྱུད། སེང་གེ་ཁ་འབབ་དང་ཆུ་བོ་གངྒཱ་། ཡར་ཀླུང་གཙང་པོ་སོགས་བཞུར་རྒྱུན་དང་འབྲེལ་ནས་ཡོད་ཅིང་། གནས་དེར་རླུང་གི་གཡུག་ཚད་ཀྱི་ཚད་རིམ་ ༨ ཡན་ཆད་དུ་སླེབས་ཀྱི་ཡོད་པ་དང་། ལོ་རེའི་དྲོད་ཚད་ཆ་སྙོམས་ཀླད་གོར་མན་ལ་སླེབས་ཀྱི་ཡོད། དགུན་གཞུང་གི་གྲང་ཚད་ཀླད་གོར་མན་གྱི་ ༤༡ སླེབས་པ་དང་། དབྱར་དུས་ཀྱི་དྲོད་ཚད་ ༢༡ ལས་བརྒལ་གྱི་མེད་པ། མཚོ་ངོས་ལས་མཐོ་ཚད་མི་ཊར་ ༥༠༠༠ ཡན་གྱི་ས་ཁུལ་གྱི་ཕྱི་ཟླ་བརྒྱད་པར་ཉིན་མོ་དྲོད་ཚད་ ༡༠ དང་། མཚན་མོ་གྲང་ཚད་ཀླད་གོར་མན་དུ་སླེབས་ཀྱི་ཡོད་པས་ཉིན་མཚན་གྱི་དྲོད་གྲང་བར་ཧེ་བག་ཆེན་པོ་ཡོད་ལ། ལོ་འཁོར་ཧྲིལ་བོ་ཆར་ཆུ་ཤིན་ཏུ་དཀོན་པོ་ཡིན་པར་བརྟེན་མངའ་རིས་ཁུལ་དུ་དགུན་རིང་ཞིང་གྲང་ངར་ཡང་ཤིན་ཏུ་ཆེ་བ་ཡིན།

གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས། appeared first on བོད་ཀྱི་དུས་བབ།.

Original Article