རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་ཐོག་ཁ་བྲལ་ལ་ངོ་རྒོལ་བྱ་དགོས་ལུགས་སོགས་བཤད་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོགས་ཡོད་ཅིང་། ཚོགས་ཆེན་དེའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲིན་(Wang Junzheng) དང་། ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་ཁང་གི་དམར་ཤོག་རྩ་འཛུགས་ཀྱི་དྲུང་ཆེ་དང་མགོ་འཛིན་ཧོའེ་ཅིང་ཕུང་། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ཀརྨ་ཚེ་བརྟན་སོགས་ཞུགས་ཡོད་འདུག་ལ། སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲིན་ཟེར་བས། མི་རིགས་ཁག་གི་མཉམ་འདྲེས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ཟེར་བ་ཞིག་དགོས་ལུགས་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ལས་བྱེད་དང་ཤེས་ལྡན་པ་རྣམས་ཀྱིས། མི་རིགས་མཉམ་འདྲེས་ཀྱི་ལས་དོན་ཐད་སླར་ལས་ལྷག་པའི་ལས་ཤུགས་སྣོན་བརྒྱག་དགོས་ལུགས་བཤད་འདུག་ལ། ཚོགས་ཆེན་དེའི་ཐོག་ལོ་ལྔ་ཚན་བཅོ་ལྔ་པའི་རིང་ནི་སློབ་གསོའི་རྒྱལ་ཁབ་ཟེར་བ་ཞིག་འཛུགས་སྐྲུན་དང་བོད་ལྗོངས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གལ་ཆེན་ཞིག་ཡིན་ལུགས་དང་། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་སྟངས་འཛིན་ནན་མོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཟེར་བའི་མ་རྐང་འཛུགས་པ་དང་། བོད་སྐྱོར་གྱི་ལས་དོན་ཟེར་བའི་ཐོག་སླར་ལས་ལྷག་པའི་ཤུགས་སྣོན་བརྒྱག་དགོས་ལུགས་ཐད་གླེང་སློང་ཤུགས་ཆེན་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་མིན་པའི་འཐུས་མི་རྣམས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བར་སློབ་སྦྱོང་དང་། ལག་བསྟར། ཁྱབ་སྤེལ་བཅས་ཀྱི་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་ཆེད་བསྐོངས་བྱས་ཡོད་ཅིང་། ཚོགས་ཆེན་དེའི་ཐོག་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུས། མི་རིགས་མཐུན་སྒྲིལ་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་སྤྱི་ཚོགས་འཆམ་མཐུན་གྱི་རྨང་གཞི་ཡིན་ལ། འཕེལ་རྒྱས་ཡར་ཐོན་གྱི་འབྱུང་རྩ་ཟེར་བ་བཅས་ཡིན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ནི། ཆེད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཚད་ལྡན་དུ་གཏོང་བའི་རྨང་གཞིའི་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཐོག་མ་དེ་ཡིན་པའི་ཆ་ནས། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་བཀའ་རྒྱའི་ལས་འགན་གཙོ་གནད་དུ་བཟུང་དགོས་ལུགས་དང་། ངེས་པར་དུ་བརྒྱ་ཆ་བརྒྱ་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་གྱུར་ཟེར་བ་སྲུང་སྐྱོང་དང་དར་ཆ་གསལ་སྒྲེང་ཐོག་ཁ་བྲལ་ལ་ངོ་རྒོལ་བྱ་དགོས། ཞེས་བཤད་འདུག་ལ། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱལ་མཚན་ནོར་བུ་བོད་རང་སྐྱོང་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག་ཟེར་བའི་སློབ་སྦྱོང་དང་ལག་བསྟར་ཚོགས་འདུ་ཟེར་བ་ལའང་ཞུགས་འདུག
ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གཞུང་གིས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ནི། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་ཏང་གི་དཔེ་བཟང་རྩ་འཛུགས་ཟེར་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཛེས་སྡུག་ལྡན་པའི་དང་བླངས་ཞབས་ཞུའི་གྲོང་ཚོ་དང་། ནག་ཆུ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཚོ་ཡིན་ལུགས་བཤད་ནས། མི་རིགས་མཐུན་སྒྲིལ་མཉམ་བསྲེས་ཟེར་བའི་ལས་དོན་རྒྱ་ཆེར་སྤེལ་ཡོད་ཅིང་། སྤྱིར་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་འབྲོག་ཁུལ་གྱི་མི་རྣམས་བཙན་གྱིས་ས་ཁུལ་དེར་གནས་སྤོར་དུ་བཅུག་ཡོད་ཅིང་། ས་ཁུལ་དེར་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། ཐུའུ་རིགས་བཅས་ཚུད་པའི་དུད་ཚང་ ༨༠༠ ལྷག་ཙམ་དང་གྲོང་མི་ ༤༢༠༠ ལྷག་ཙམ་ཡོད་འདུག་ལ། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༨ ཙམ་ནས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་མང་དག་ཅིག་ཏུ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཆེད་དོན་དྲིལ་བསྒྲགས་ཚོགས་ཆུང་གི་གཅིག་སྡུད་སློབ་ཚན་ཟེར་བ་ཞིག་མགོ་བཙུགས་ཡོད་ཅིང་། ས་གནས་གང་སར་མི་རིགས་མཐུན་སྒྲིལ་ཟེར་བ་དང་འབྲེལ་བའི་ཚོགས་འདུ་མང་དག་ཅིག་འཚོགས་དང་འཚོགས་མུས་ཡིན་འདུག
དེ་བཞིན་ཟླ་སྔ་མ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བར་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་བཅུག་ཡོད་ལ། མཚོ་སྔོན་ཞིང་ཆེན་དང་། འཐབ་ཕྱོགས་གཅིག་གྱུར་ཁང་དང་མི་རིགས་ཆོས་ལུགས་སྡེ་ཁག་བཅས་ཀྱི་གོ་སྒྲིག་འོག ཟི་ལིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་གཅིག་བསྡུས་དྲིལ་བསྒྲགས་དང་། མི་རིགས་སོ་སོའི་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་ལ་སྐུལ་སྤེལ་གཏོང་ཟེར་བའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད་ལ། ད་ལྟ་བོད་ནང་གི་ས་གནས་མང་པོ་ཞིག་ཏུ་མི་རིགས་ལས་དོན་རྒྱུན་ལས་ཁང་ཟེར་བས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་ལྡན་ཁ་སྐད་དང་སྐད་ཡིག་སྐོར་གྱི་བཅའ་ཁྲིམས་ཟེར་བ་སོགས་ལག་བསྟར་བྱས་ནས། དགོན་སྡེ་ཁག་གི་གྲྭ་བཙུན་གཙོས་རྒན་རབས་རྒན་པ་ཚོར་ཆེད་དུ་རྒྱ་ཡིག་འཛིན་གྲྭ་འཚོགས་བཅུག་གི་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས། appeared first on བོད་ཀྱི་དུས་བབ།.



