རི་མོའི་དགེ་རྒན་རྣམས་ལ་དམིགས་པའི་ཟབ་སྦྱོང་ཞིག་འཚོག་མགོ་བཙུགས།

2 hours ago

ཤེས་རིག་ལས་ཁུངས་ཀྱིས་ཀྱང་མ་འོངས་པར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རི་མོའི་དགེ་རྒན་རྣམས་ལ་བཟོ་རིག་དང་འབྲེལ་བའི་ཐད་གོ་རྟོགས་མང་ཙམ་སྤེལ་ཐབས་སུ་ཟབ་སྦྱོང་སོགས་གོ་སྒྲིག་གནང་རྒྱུའི་རེ་བ་འཆང་གིན་འདུག

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ངག་དབང་ཚེ་རིང་ལགས་དང་འཇམ་དབྱངས་བསྟན་འཛིན་ལགས་གཉིས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་སློབ་གྲྭའི་རི་མོའི་དགེ་རྒན་རྣམས་ལ་དམིགས་པའི་ཉིན་ལྔའི་རིང་གི་བཟོ་རིག་པ་དང་འབྲེལ་བའི་དམིགས་བསལ་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་འཚོགས་སོང་། དབུ་འབྱེད་མཛད་སྒོའི་སྟེང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། སྐུའི་ན་བཟའ་ཆེན་མོ་བསྟན་འཛིན་ཆོས་དར་ལགས། རི་མོ་བ་ཀརྨ་ཕུན་ཚོགས་ལགས་གཙོས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རི་མོའི་དགེ་རྒན་སུམ་ཅུ་ལྷག་གིས་མཉམ་ཞུགས་གནང་འདུག

གནད་དོན་དེ་དང་འབྲེལ་ནས་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས། བདུན་ཕྲག་གཅིག་ཙམ་གྱི་རིང་སློབ་གྲྭ་ཁག་གི་རི་མོ་དགེ་རྒན་རྣམས་ལ་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད། དེར་སློབ་གྲྭ་ཁག་ ༣༩ ཙམ་ཡོད་པའི་ཁྲོད་ནས་དགེ་རྒན་སུམ་ཅུ་ལྷག་གིས་མཉམ་ཞུགས་གནང་ཡོད། ཟབ་སྦྱོང་དེའི་སྟེང་རི་མོའི་དགེ་རྒན་རྣམས་རི་མོའི་ཐོག་ཆེད་མཁས་ཡིན་ཐོག བོད་ཀྱི་སྒྱུ་རྩལ་བ་དག་དང་ལྷན་གནའ་དེང་ཟུང་འབྲེལ་གྱི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཐོག་མཐོང་རྒྱ་བསྐྱེད་ཐབས་བྱེད་ཀྱིན་ཡོད་ལ། ངེད་གཉིས་ཀྱིས་དཔར་འགྲེམས་བྱས་པའི་དཔེ་དེབ་བཟོ་རིག་པའི་ཐད་ཀྱི་གོ་རྟོགས་ཞེས་པའི་ཐད་ལའང་གླེང་སློང་དང་གོ་བསྡུར་བྱེད་ཀྱི་ཡོད། ཅེས་དང་། ཡང་ཁོང་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་རི་མོའི་སློབ་ཚན་དེ་སྣང་མེད་དུ་བཞག་ནས་དོ་སྣང་བྱེད་ཀྱི་མེད་པའི་ཁར། རི་མོ་དང་འབྲེལ་བའི་སློབ་གཞི་དམིགས་བསལ་མེད་པས་སློབ་ཚན་ལའང་གཞི་བཞག་ས་ཞིག་མེད་སྐོར་སོགས་བརྗོད་བྱུང་།

ཡང་ཁོང་གིས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་སི་བྷི་ཨེ་སི་ཨི་ (CBSE) ཤེས་ཡོན་སྲིད་ཇུས་ཀྱི་འོག་ཏུ་ཡིན་པས། སི་བྷི་ཨ་སི་ཨི་ཡིས་ཀྱང་བཟོ་རིག་དང་འབྲེལ་བའི་ཐད་ལ་དམིགས་བསལ་ཤུགས་རྒྱག་གི་འདུག ཤེས་རིག་ལས་ཁུངས་ཀྱིས་ད་ལྟ་ང་ཚོས་མ་འོངས་པར་སྲོལ་རྒྱུན་དང་དེང་རབས་གཉིས་ཀ་ལྡན་པའི་བཟོ་རིག་པ་དང་འབྲེལ་བའི་ཀློག་དེབ་ཅིག་བཟོས་པ་དེ་བོད་བསྒྱུར་བྱ་རྒྱུར་རོགས་རམ་གནང་ཐུབ་པ་ཞིག་དང་། ང་ཚོས་ཟབ་སྦྱོང་འཚོགས། དཔེ་དེབ་བཏོན་ཡོད་དུས་མ་འོངས་པར་ཤེས་རིག་ལས་ཁུངས་ཀྱིས་ཀྱང་དེ་འདྲ་ཞིག་གི་ཐོག་བསམ་བློ་བཏང་ནས་གོ་སྒྲིག་བྱ་རྒྱུར་རེ་བ་ཡོད། ཅེས་བརྗོད་བྱུང་།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རི་མོའི་དགེ་རྒན་རྣམས་ལ་དམིགས་བསལ་བཟོ་རིག་གཙོས་རི་མོ་ཐད་ཟབ་སྦྱོང་སོགས་འཚོག་གི་མེད་སྟབས། ད་ལན་བོད་ཀྱི་ཐེབས་རྩའི་རོགས་དངུལ་བརྒྱུད། བདུན་ཕྲག་གཅིག་རིང་དྷ་སྟེང་བོད་ཁྱིམ་དུ་སློབ་གྲྭ་ཁག་རི་མོ་དགེ་རྒན་སུམ་ཅུ་ལྷག་ལ་དམིགས་བསལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post རི་མོའི་དགེ་རྒན་རྣམས་ལ་དམིགས་པའི་ཟབ་སྦྱོང་ཞིག་འཚོག་མགོ་བཙུགས། appeared first on བོད་ཀྱི་དུས་བབ།.

Original Article