རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

2 hours ago

ཨ་རིའི་རྒྱལ་སྲུང་ལ་ཉེན་ཁ་ཆེ་བའི་རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ཐོ་གཞུང་ནག་པོའི་ཁོངས་སུ་འཇུག་དགོས་པའི་སྐུལ་ལྕག་བྱས་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས ཨ་རིའི་རྒྱལ་སྲུང་དྲུང་ཆེ་པེ་ཏི་ཧེག་སི་ཐི་ལགས་སུ་འཕྲིན་ཡིག་ཅིག་བསྐུར་ཏེ། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་གི་རྒྱལ་སྲུང་དམག་དོན་དང་འབྲེལ་བའི་བརྟག་དཔྱད་ཁང་ ༦༢ དང་ཚན་རིག་ཞིབ་འཇུག་ལྟེ་གནས་ཁང་ ༡༤། སློབ་གྲྭ་ཆེན་མོ་ ༥༨ ། ཕྱིའི་རྒྱལ་ཁབ་ཁག་ལ་དམིགས་པའི་རྒྱ་ནག་གི་བཟོ་རིག་གི་ལམ་རིམ་ ༢༢། དེ་བཞིན། རྒྱ་ནག་གི་སློབ་ཡོན་ལྷན་ཚོགས་དང་འབྲེལ་ཡོད་ཤེས་ལྡ་མི་སྣ་སོགས་ལ་ཞིབ་འཇུག་ཚད་ལྡན་བྱས་ཏེ། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཐོ་གཞུང་ ༡༢༨༦ ཁོངས་སུ་བཅུག་དགོས་པའི་སྐུལ་ལྕག་བྱས་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས། རྒྱ་ནག་གི་ཚོགས་སྡེ་དེ་དག་གིས་ཨ་རིའི་དམག་སྲིད་ཀྱི་ཞིབ་འཇུག་ནང་མཉམ་ཞུགས་བྱས་ཏེ།  རྒྱ་ནག་གི་མི་དམངས་བཅིང་གྲོལ་དམག་ལ་རྒྱ་ནག་གི་རྒྱལ་སྲུང་དང་འབྲེལ་བའི་ཞིབ་འཇུག་ལས་དོན་སྒྲུབ་ཀྱི་ཡོད་པས། ཨ་རིའི་དམག་སྲིད་ལྷན་ཁང་གི་ཞིབ་འཇུག་ལས་དོན་ནང་རྒྱ་ནག་གཞུང་གི་རྒྱབ་རྟེན་ཡོད་པའི་ཉམས་ཞིབ་པ་གཏན་འགོག་བྱེད་དགོས་པ་དང་། དེ་བཞིན། ཨ་རིའི་སློབ་ཆེན་ ༣༠ ལའང་གོང་བརྗོད་རྒྱ་ནག་གི་ཚོགས་སྡེ་ཁག་དང་ལྷན་དུ་མཉམ་ལས་དང་འབྲེལ་ལམ་བྱེད་ཕྱོགས་ལ་དོགས་ཟོན་དགོས་པའི་སྐུལ་མ་བྱས་ཡོད་འདུག

རྒྱ་ནག་གི་རྒྱལ་སྲུང་དམག་དོན་དང་འབྲེལ་བའི་སློབ་ཆེན་ཁག་གིས་ཨ་རིའི་འཕྲུལ་རིག་དང་ཤེས་བྱའི་ཐོན་ཁུངས་རྐུ་འཁྱེར་བྱེད་པ་སོགས་བྱས་ཏེ། ཨ་རིའི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་པའི་ངོས་འཛིན་འོག ཕྱི་ཟླ་ ༨ ནང་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་ (Pentagon) གིས། ཨ་རིའི་སློབ་ཆེན་ཁག་ ༣༠ ཡིས་རྒྱ་ནག་གི་ཁུང་ཙིའི་སློབ་གསོ་དང་འབྲེལ་བའི་མཉམ་ལས་གན་རྒྱ་སོགས་ལ་བསྐྱར་ཞིབ་བྱས་ཏེ། བསྐྱར་ཞིབ་སྙན་ཐོ་སྤྲོད་དགོས་པའི་བཀོད་ཁྱབ་བཏང་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་གྲོས་འཆར་ནང་མིང་འདོན་བྱས་པའི་རྒྱ་ནག་གི་སློབ་ཆེན་ ༥༨ ལ་གཞུང་འབྲེལ་གྱི་ཐོག་ནས་རྒྱ་ནག་གི་རྒྱལ་སྲུང་ཚན་རྩལ་བཟོ་ལས་སྤྱི་ཁྱབ་ལས་ཁུངས་དང་འབྲེལ་བ་ཡོད་ཅིང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་སྤྱི་ཁྱབ་ལས་ཁུངས་ནི་རྒྱ་ནག་གི་ཕྱི་ཕྱོགས་སུ་རྒྱལ་སྲུང་དང་འབྲེལ་བའི་ཚན་རིག་དང་འཕྲུལ་ཆས། བཟོ་ལས་སོགས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པ་དང་། ལས་ཁུངས་དེས་རྒྱ་ནག་གཞུང་ལ་གོ་མཚོན་གསར་བཏོད་དང་། མཁའ་དབྱིངས། མཚོ་འོག་གི་དམག་དོན། གློག་རྡུལ་དམག་འཁྲུག་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད་འདུག

ད་དུང་བཟོ་རིག་དང་འབྲེལ་བའི་རྒྱ་ནག་གི་མི་སྒེར་དང་ཚོགས་པ།  རྒྱལ་སྲུང་དམག་དོན་དང་འབྲེལ་བའི་བརྟག་དཔྱད་ཁང་དང་དེའི་འབྲེལ་ཡོད་མི་སྣ་སོགས་ལ་ཞིབ་འཇུག་ནན་པོ་བྱས་ཏེ་དམ་དྲག་བྱེད་དགོས་པ་དང་། ཨ་རིའི་རིག་ནུས་དང་དངོས་ཁམས་ཚན་རིག སྐྱེ་དངོས་འཕྲུལ་རིག་སོགས་ཀྱི་ཞིབ་འཇུག་གྲུབ་དོན་སྲུང་སྐྱོབ་བྱེད་པའི་འབོད་སྐུལ་བྱས་འདུག ཐེངས་འདིར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཐོ་གཞུང་ ༡༢༨༦ པའི་ཁོངས་སུ་འཇུག་སྲིད་པའི་རྒྱ་ནག་གི་སློབ་ཆེན་གྱི་ཁྲོད། ཧྥུའུ་ཏན་གཙུག་ལག་སློབ་ཆེན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ཧྲན་ཡཱང་མཁའ་དབྱིངས་འཕུར་སྐྱོད་སློབ་གྲྭ་ཆེན་མོ། རྒྱལ་སྤྱིའི་འབྲེལ་བའི་གཙུག་ལག་སློབ་གྲྭ་ཆེན་མོ། རྒྱ་ནག་དམག་དཔུང་གི་མཉམ་འབྲེལ་ལས་དོན་རྒྱབ་སྐྱོར་དམག་དཔུང་འཕྲུལ་ལས་སློབ་གླིང་། རྒྱ་ནག་གི་པེ་ཅིན་མཁའ་འགྲུལ་བཟོ་སྐྲུན་སློབ་ཆེན་དང་མི་དམངས་རྒྱལ་སྲུང་ཚན་རྩལ་གཙུག་ལག་སློབ་ཆེན། ནན་ཅིང་བཟོ་རིག་དང་ལག་རྩལ་སློབ་ཆེན་སོགས་རྒྱ་ནག་གི་དམག་དོན་དང་རྒྱལ་སྲུང་གཉི་གར་གལ་གནད་ཆེ་བའི་སློབ་ཆེན་མང་དག་ཅིག་ཡོད་འདུག

ད་ལྟ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་གི་ཚོགས་སྡེ་དེ་དག་ཐོ་གཞུང་ ༡༢༨༦ པའི་ཁོངས་སུ་འཇུག་མིན་བཤད་ཚོད་མི་ཐིག་ནའང་། རྒྱ་ནག་གིས་སློབ་གསོ་མཉམ་འབྲེལ་གྱི་མིང་འོག་ནས་ཨ་རིའི་ཤེས་བྱ་རྐུ་འཁྱེར་བྱེད་བཞིན་པར་ཨ་རིས་དོགས་ཟོན་སྔར་ལྷག་བྱེད་བཞིན་འདུག ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཐོ་གཞུང་ ༡༢༨༦ པ་ནི་ཨ་རིའི་རྒྱལ་སྲུང་ལ་ཉེན་ཁ་ཆེ་བའི་རྒྱལ་ཁབ་གཞན་གྱི་སློབ་གསོའི་ལྟེ་གནས་ཁང་དག་གི་མིང་གཞུང་ཡིན་ཞིང་། ཕྱི་ལོ་ ༢༠༡༩ ལོར་རྒྱལ་སྲུང་བདེ་འཇགས་འགན་འཁྲིའི་ཁྲིམས་ཞེས་པའི་དོན་ཚན་ཞིག་ཀྱང་ཡིན་པ་རེད། ཕྱི་ལོ་ ༢༠༢༥ ལོར་ཨ་རིའི་ཐོ་གཞུང་ ༡༢༨༦ པའི་ནང་དོན་ལག་བསྟར་འོག་རྒྱ་ནག་དང་ཨུ་རུ་སུ། ཨེ་རན་བཅས་ཀྱི་སློབ་ཆེན་ ༡༣༠ ཐོ་གཞུང་དེའི་ཁོངས་སུ་བཅུག་ཡོད་པ་དང་།  དེའི་ཁོངས་སུ་རྒྱ་ནག་གི་སློབ་ཆེན་ ༨༨ ཚུད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས། appeared first on བོད་ཀྱི་དུས་བབ།.

Original Article