ཧྲང་ཧའེ་གྲོང་ཁྱེར་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཅེ་ནེང་ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
ཁ་སང་ཕྱི་ཚེས་ ༢༤ ཉིན། རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཧྲང་ཧའེ་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་སྟེ། ཆབ་སྲིད་ལྷན་ཁང་ནང་གོ་གནས་ཆེན་པོ་ཡོད་པའི་ཁྲིན་ཅེ་ནེང་ (陈吉宁) སྒྲིག་ཁྲིམས་དང་ཁྲིམས་ལུགས་ལ་ཉེས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ལྷན་ཁང་གཉིས་ཀྱིས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཁོ་ནི་ཕྱི་ལོ་ ༢༠༢༢ ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་ཧུ་ཝེ་ཏུང་ (何卫东) དང་། མ་ཤེན་རའུ (马兴瑞) ། ཀྲང་ཡའུ་ཞ་ (张又侠) བཅས་ཞིབ་བཤེར་བྱས་པའི་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ ༤ པ་དེ་ཡིན་འདུག
ལོ་ ༦༢ ལ་སོན་པའི་ཁྲིན་ཅེ་ནེང་ནི་ལས་ཐོག་སྐབས་ཞིབ་བཤེར་བྱས་པའི་ཧྲང་ཧའེ་ཡི་དྲུང་ཆེ་དང་པོ་དེ་རེད་འདུག དེའི་གོ་གནས་དེ་ནི་རྒྱ་ནག་གི་ནང་དུ་ཆབ་སྲིད་ཐོག་གལ་ཆེ་ཤོས་ཀྱི་གོ་གནས་ཤིག་ཡིན་ཞིང་། དེ་ནི་གོ་གནས་མཐོ་བར་འགྲོ་བའི་སྐས་འཛེགས་ལྟ་བུར་བརྩི་བཞིན་ཡོད། ཕྱི་ལོ་ ༡༩༨༩ ནས་བཟུང་། ཧྲང་ཧའེ་ཡི་དམར་ཤོག་ཚོགས་པའི་དྲུང་ཆེ་ ༡༠ ཁྲོད་ནས་ ༨ ཆབ་སྲིད་ལྷན་ཁང་གི་ཚོགས་མིར་གྱུར་ཡོད་ཅིང་། དེའི་ཁྲོད་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཅང་ཙེ་མིན་སོགས་ཡོད་འདུག
རྒྱ་ནག་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ལོ་ན་གཞོན་གྲས་ཁྲིན་ཅེ་ནེང་ནི། ཆབ་སྲིད་ལྷན་ཁང་དུ་གོ་གནས་འཕར་སྲིད་པའི་འོས་མིའི་གྲས་སུ་བརྩི་བཞིན་ཡོད་པ་དང་། ཁོ་ལ་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་ཐོས་པ་དང་། རྒྱ་མི་མང་པོ་ཞིག་གིས་དྲ་ལམ་དུ་སྟག་ཆེན་པོ་ (大老虎) དང་། གསར་འགྱུར་གསར་ཤོས (重磅新闻) ། ཧང་སངས་པ (大为震撼) ། ཉ་ཆེན་པོ (大鱼) ། ཡིད་ཆེས་ཐབས་བྲལ་བ (不得了) ། འདི་ནི་སྟག་ཙམ་མ་ཡིན་པར (这已经不仅仅是虎了) ། ག་རེ་བྱུང་བ་རེད (什么情况) ། པེ་ཅིན་ན་ཡོད་དུས་ནས་གནད་དོན་ཡོད་རེད (在北京就有问题了) ། འཛིན་བཟུང་བྱེད་ཚར་རྒྱུ་མ་རེད (抓不完) ། གཏན་ནས་འཛིན་བཟུང་བྱེད་ཚར་རྒྱུ་མ་རེད (根本抓不完) སོགས་དྲ་ཐོག་ཏུ་ལབ་གླེང་གི་ཚ་རླབས་ཆེན་པོ་ཞིག་ཏུ་གྱུར་འདུག
དེ་ནི་ཁྲིན་ཅེ་ནེང་གིས་རྒྱ་ནག་གི་ཆབ་སྲིད་ནང་གོ་གནས་མཐོན་པོ་བཟུང་ཡོད་པ་མ་ཟད། ལོ་རྗེས་མའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ཉེར་གཅིག་གི་རྒྱུན་ལས་ཚོགས་མིའི་འོས་མིར་འགྱུར་བའི་ཚོད་དཔག་དང་། ཨ་རི་དང་སིང་གྷ་པོར་སོགས་ཀྱི་སྤྱི་སྒེར་མང་པོ་ཞིག་གིས་ཁོ་ནི་རྒྱ་ནག་གི་མ་འོངས་མི་རབས་གསར་པའི་མགོ་ཁྲིད་དུ་ངོས་འཛིན་དང་དེའི་སྐོར་གྱི་གླེང་སློང་སོགས་ཤུགས་ཆེན་བྱུང་བས། སྐབས་གསུམ་ལ་རྒྱ་ནག་མགོ་ཁྲིད་ཀྱི་ལས་གནས་འཁུར་བའི་ཞི་ཅིན་ཕིན་ལ་མཚོན་ན་ཉེན་བརྡ་ཞིག་ཡིན་པས། ཞི་ཅིན་ཕིན་གྱིས་སུ་ཞིག་རྒྱ་ནག་གི་མ་འོངས་པའི་སྲིད་འཛིན་བྱེད་འདོད་ཡོད་པ་དང་། དེ་བཞིན་སྲིད་འཛིན་བྱ་བའི་ནུས་པ་ཡོད་པ་རྣམས་ལ་ཆབ་སྲིད་ཀྱི་ཇུས་ངན་བཏིངས་ནས་མགོ་གནོན་ཐབས་བྱེད་བཞིན་ཡོད་པའི་ཐད་ཀྱི་གླེང་སློང་ཤིན་ཏུ་མང་། དཔེར་ན་ཁྲིན་ཅེ་ནེང་དང་རྒྱ་ནག་ཆབ་སྲིད་རྒྱུན་ལས་ཚའེ་ཆི་ (蔡奇)། རྒྱ་ནག་རྩ་འཛུགས་སྡེ་ཚན་གྱི་འགན་འཛིན་ཟུར་བ་ཁྲིན་ཞི་ (陈希) གཉིས་དང་འབྲེལ་བ་ཉེ་བོ་ཡོད་པས། སྔོན་ཆད་རྒྱ་ནག་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་རྒྱུན་ལས་ཀྱི་འོས་མིའི་གྲས་སུ་སླེབས་ཀྱི་ཡོད་རེད་ཅེས་པའི་ཟེར་རྒྱུན་ཞིག་ཡོད་འདུག
གནད་དོན་འདི་དང་འབྲེལ་ནས་ཆབ་སྲིད་དཔྱད་བརྗོད་པ་མང་པོ་ཞིག་གིས་ཁ་གཅིག་གྲགས་ཐོག་འདི་ནི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག རང་དབང་དཔྱད་བརྗོད་པ་ཚའེ་ཧྲིན་ཁོན་ (蔡慎坤) གྱི་ (X) སྟེང་གི་དཔྱད་བརྗོད་ནང་། ཁྲིན་ཅེ་ནེང་ནི་སང་ལོའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་ཆབ་སྲིད་ལས་ཁུངས་རྒྱུན་ལས་ཀྱི་འོས་མི་རྩེ་གྲས་ཤིག་ཡིན་ཞིང་། པེ་ཅིན་གྲོང་ཁྱེར་གྱི་ཝེ་ཞའོ་ཏུང་ (魏小东) དང་ཞ་ལིན་མའོ་ (夏林茂) གཉིས་ལ་དོན་རྐྱེན་བྱུང་རྗེས། དབྱིན་ཇིར་སློབ་སྦྱོང་བྱས་པའི་དཔོན་རིགས་འདིར་དགེ་རྒན་ཁྲིན་ཞི་ (陈希) ཡི་སྲུང་སྐྱོབ་མེད་པ་ཆགས་རྗེས། ཁོའི་ཆབ་སྲིད་ཀྱི་མི་ཚེ་ཞི་ཅིན་ཕིན་གྱིས་མཇུག་བསྡུས་པ་རེད་ཅེས་བཀོད་འདུག
ཡང་ཚའེ་ཧྲིན་ཁོན་གྱིས་ཞི་ཅིན་ཕིན་གྱི་མཐོང་ཚུལ་ལྟར་ན། སུ་ཞིག་རྗེས་འཇུག་མི་སྣར་འགྱུར་འདོད་ཡོད་པ་དང་། སུ་ཞིག་ལ་རྗེས་འཇུག་མི་སྣར་འགྱུར་བའི་ནུས་པ་ཡོད་ན། མི་དེ་ནི་ཉེན་ཁ་ཆེ་ཤོས་རེད་ཅེས་དང་། ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༨ ཉིན། སིང་གྷ་པོར་གྱི་བློན་ཆེན་ཟུར་བ་ཚང་འཛོམས་གྲོས་ཚོགས་ཐེངས་ཉི་ཤུ་པའི་རྗེས་སུ་ཧྲང་ཧའེ་རུ་ཕེབས་ནས། རྒྱ་ནག་གི་མ་འོངས་པའི་མགོ་ཁྲིད་དང་མཇལ་འདོད་ཡོད་ཅེས་ཡོངས་ཁྱབ་ཏུ་བརྗོད་པ་དེས་ཁྲིན་ཅེ་ནེང་ལ་གནོད་ཡོད་པ་དང་། ཁྲིན་ཅེ་ནེང་གི་ཆབ་སྲིད་ཀྱི་ལས་དབང་ལ་དེ་དུས་ནས་ཉེན་བརྡ་ཐོན་ཡོད། ཅེས་བརྗོད་འདུག
ཨ་རིའི་ཕྱི་འཕྲེལ་ལས་དོན་ (Foreign Affairs) ཞེས་པའི་དཔྱད་བརྗོད་དུས་དེབ་ཀྱིས་ཕྱི་ལོ ༢༠༢༥ ཟླ་ ༡༠ ཚེས་ ༢ ཉིན། མཁས་པའི་བགྲོ་གླེང་ཞིག་སྤེལ་བའི་ཁྲོད་དུ། ཁྲིན་ཅེ་ནེང་རྒྱ་ནག་གི་མ་འོངས་པའི་མགོ་ཁྲིད་ཀྱི་འོས་མིའི་གྲས་སུ་བཀོད་ཡོད་པ་དང་། དེའི་རྒྱུ་མཚན་དུ་ཁོ་ནི་ཧྲང་ཧའེ་ཡི་དམར་ཤོག་རྒྱུན་ལས་དྲུང་ཆེ་ཡིན་པ་དང་། གོ་གནས་འདི་ལ་ཆབ་སྲིད་ཀྱི་མཚོན་དོན་ཁྱད་པར་ཅན་ཞིག་ཡོད་པ། ཁོ་ནི་ཆབ་སྲིད་ལས་ཁུངས་ཀྱི་ཚོགས་མི་ལོ་ན་གཞོན་པའི་གྲས་ཡིན་པ་མ་ཟད། ཁོའི་དབང་འཛིན་གྱི་ལོ་རྒྱུས་ཁྲོད་དུ་རྒྱ་ནག་དབུས་གཞུང་གི་བློན་ཆེན་དང་། པེ་ཅིན། ཧྲང་ཧའེ་བཅས་ཚུད་ཡོད་པ། གལ་སྲིད་ཞི་ཡིས་ ༢༠༣༢ ལོའི་ཡས་མས་སུ་དབང་ཆ་རྩིས་སྤྲོད་བྱས་ན། ཁྲིན་ཅེ་ནེང་ལ་ལོ་ནའི་ཆ་ནས་རྒྱ་ནག་གི་སྲིད་འཛིན་བྱེད་པའི་ནུས་པ་ཡོད་པ་སོགས་དྲངས་འདུག
དེ་བཞིན་རང་དབང་དཔྱད་བརྗོད་པ་ཏུའུ་ཀྲེང་ (杜政) གིས་ཟླ་ ༥ པར་ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཧྲང་པའོ་ (上报) ཐོག་ཏུ་རྩོམ་ཡིག་ཅིག་སྤེལ་ནས། ད་ལྟའི་མཐོ་རིམ་དཔོན་རིགས་ཁྲོད་ཀྱི་ལོ་ན་གཞོན་པའི་དཔོན་རིགས། ཧྲང་ཧའེ་ཡི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཅེ་ནེང་རྒྱུན་ལས་གྱི་གྲས་སུ་སླེབས་ཐུབ་ཀྱི་མེད་པ་འདྲ། དེ་ནི་རྒྱ་ནག་གི་མ་འོངས་པའི་མགོ་ཁྲིད་ཅེས་པའི་གླེང་ཕྱོགས་དེར་བཀག་སྡོམ་བྱེད་ཀྱི་ཡོད་པས་རེད་ཅེས་བརྗོད་པ་རེད།
ཁྲིན་ཅེ་ནེང་ནི་ཕྱི་ལོ་ ༡༩༦༤ ཟླ་ ༢ རྒྱ་ནག་བྱང་ཤར་ཅི་ལིན་ཞིང་ཆེན་གྱི་ལི་ཧྲུའུ་རྫོང་དུ་སྐྱེས་ཤིང་། ཁོས་ཆིང་ཧྭ་སློབ་ཆེན་དུ་ (清华大学) ཁོར་ཡུག་ཚན་རྩལ་སློབ་སྦྱོང་བྱས་འདུག ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པ་ཐོན་རྗེས། ཁོ་ལ་རྒྱ་ནག་སྲིད་གཞུང་གི་མ་དངུལ་རོགས་སྐྱོར་ཐོབ་ནས་ཕྱི་ལོ་ ༡༩༨༨ དབྱིན་ཇིའི་བྷི་རུ་ནེལ་སློབ་ཆེན་ (Brunel University of London) དུ་སློབ་སྦྱོང་བྱས་ཤིང་། དེའི་ཕྱི་ལོར་དབྱིན་ཇིའི་ཨིམ་ཕི་རི་ཡལ་སློབ་ཆེན་དུ་ (Imperial College London) སློབ་ཞུགས་བྱས། ཕྱི་ལོ་ ༡༩༩༣ ཨིམ་ཕི་རི་ཡལ་སློབ་ཆེན་ནས་ཁོར་ཡུག་མ་ལག་དབྱེ་ཞིབ་ཐོག་འབུམ་རམས་པའི་བསླབ་གནས་ཐོབ་ཅིང་། སློབ་ཆེན་དེར་དགེ་རྒན་གྱི་ལས་ཀ་བྱས་པ་དང་། ཕྱི་ལོ་ ༡༩༩༨ ཆིང་ཧྭ་སློབ་ཆེན་དུ་ཕྱིར་ལོག་འདུག ཕྱི་ལོ་ ༡༩༩༩ ཆིང་ཧྭ་སློབ་ཆེན་གྱི་ཁོར་ཡུག་ཚན་རིག་བཟོ་རིག་ཚན་ཁག་གི་འགན་འཛིན་བྱས། ཕྱི་ལོ་ ༢༠༠༦ སློབ་སྤྱི་གཞོན་པའི་འགན་འཁུར། ཕྱི་ལོ་ ༢༠༡༢ ཟླ་ ༡ ལོ་ ༤༧ ཐོག་ཆིང་ཧྭ་སློབ་ཆེན་གྱི་སློབ་སྤྱིའི་འགན་འཁུར། ཕྱི་ལོ་ ༢༠༡༥ ཁོ་སློབ་གསོའི་སྡེ་ཚན་ནས་ཆབ་སྲིད་ཁོངས་སུ་འཛུལ་འདུག དེ་ནས་ཁོ་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་བློན་ཆེན་དུ་བསྐོས་འདུག། ཕྱི་ལོ་ ༢༠༡༧ ཟླ་ ༥ པེ་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ལས་ཚབ་པར་བསྐོས་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༡ པོར་སྤྱི་ཁྱབ་ཏུ་བསྐོས། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཧྲང་ཧའེ་དམར་ཤོག་ཚོགས་པའི་དྲུང་ཆེ་བསྐོས་ཏེ་རྒྱ་ནག་གི་དངུལ་རྩིས་དང་ཚོང་དོན་གྱི་ལྟེ་གནས་གལ་ཆེ་ཤོས་ཀྱི་དཔོན་པོར་གྱུར།
བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།
The post རྒྱ་ནག་གི་སྐབས་ཉི་ཤུ་བའི་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཞིག་ལ་ཞིབ་བཤེར་བྱེད་བཞིན་འདུག appeared first on བོད་ཀྱི་དུས་བབ།.




