རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུག་གཏོང་མཚམས་བཞག

2 hours ago

རྒྱ་ནག་རྒྱལ་ཡོངས་སུ་དབྱིན་ཡིག་ཡིག་རྒྱུག་གཏོང་མཚམས་བཞག་པ་དེ་མི་འགྱང་བར་ལག་བསྟར་བྱེད་འཆར་ཡོད་པའི་རྒྱ་ནག་གི་འགྲོ་འོང་ཁྲིམས་གསར་དང་འབྲེལ་བ་ཡོད་སྲིད་སྐོར་བརྗོད་འདུག

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ནས་བཟུང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་ཧྲང་ཧེ། ལན་ཀྲོའུ་སོགས་རྒྱ་ནག་རྒྱལ་ཡོངས་སུ་རྒྱལ་སྤྱིའི་དབྱིན་ཡིག་ཡིག་རྒྱུག་ (IELTS)  ཞེས་པ་གཏོང་བཞིན་པའི་སྐབས་སུ་གློ་བུར་མཚམས་འཇོག་བྱས་ཡོད་ཅིང་། དབྱིན་ཇིའི་སྐད་ཡིག (British Council) སློབ་གཉེར་མཉམ་འབྲེལ་ཁང་གིས། ཐེངས་འདིའི་རྒྱ་ནག་ནང་དབྱིན་ཡིག་ཡིག་རྒྱུག་མཚམས་འཇོག་བྱེད་དོན་ནི་ཡིག་རྒྱུག་གི་དྲ་རྒྱའི་མ་ལག་ལ་སྐྱོན་ཤོར་བར་བརྟེན་ནས་བྱུང་བ་ཡིན་པའི་གསལ་བཤད་བྱས་འདུག་ཀྱང་། རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་ཁག་ཅིག་གིས་དབྱིན་ཡིག་ཡིག་རྒྱུག་མཚམས་འཇོག་བྱེད་དོན་ནི་མི་འགྱང་བར་ལག་བསྟར་བྱེད་འཆར་ཡོད་པའི་རྒྱ་ནག་གི་འགྲོ་འོང་ཁྲིམས་གསར་དང་འབྲེལ་བ་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག འགྲོ་འོང་ཁྲིམས་ཡིག་གསར་བ་དེ་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ནས་དངོས་སུ་ལག་བསྟར་བྱ་འཆར་རེད།

ཐེངས་འདིའི་ཡིག་རྒྱུག་མཚམས་འཇོག་བྱས་པ་དང་འབྲེལ་ནས། ཡིག་རྒྱུག་གཏོང་མཁན་གྱི་རྒྱ་རིགས་སློབ་མ་མང་པོས་ད་སྔ་བར་རང་ངོས་ནས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བགྱིས་ཏེ་ཡིག་རྒྱུག་ལ་གྲ་སྒྲིག་བྱས་པ་དང་དཔལ་འབྱོར་གྱི་འགྲོ་གྲོན་སོགས་ཆུད་ཟས་སུ་ཕྱིན་པར་བློ་འཚབ་དང་དང་སྦྲགས། དབྱིན་ཇིའི་སྐད་ཡིག་སློབ་གཉེར་མཉམ་འབྲེལ་ཁང་ལ་འགྱོད་སེམས་དང་བཅས་སྐྱོན་བརྗོད་བྱེད་ཀྱི་འདུག་ལ། ལྷག་པར་དུ་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་གི་ནང་ཡིག་རྒྱུག་གི་ཉན་རྒྱུག་བཏང་ཟིན་ནའང་། གྲུབ་འབྲས་རྩིས་མེད་བཏང་ཡོད་པ་རེད། དེར་བརྟེན། སློབ་མ་མང་པོ་ཞིག་གིས་ཡིག་རྒྱུག་བསྐྱར་དུ་གཏོང་ཆོག་པའི་རེ་བ་འཆང་གི་ཡོད་པ་དང་། དམིགས་བསལ་ད་ལྟའི་ཆར་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པ་དང་བསྟུན་ལས་ཀའི་གོ་སྐབས་མེད་པའི་གནས་སྟངས་འོག ཡིག་རྒྱུག་བཏང་ནས་ཕྱི་རྒྱལ་དུ་བསྐྱོད་རྒྱུ་ནི་རྒྱ་ནག་གི་གཞོན་སྐྱེས་མང་པོའི་ཕུགས་བསམ་གལ་ཆེན་ཞིག་ཆགས་ཡོད་འདུག

དབྱིན་ཇིའི་སྐད་ཡིག (British Council) སློབ་གཉེར་མཉམ་འབྲེལ་ཁང་གིས། ང་ཚོས་ཕྱི་ཚེས་ ༡༠ ཉིན་དབྱིན་ཡིག་ཡིག་རྒྱུག་གི་དྲ་རྒྱའི་མ་ལག་ལ་དཀའ་ངལ་ཁག་འཕྲད་པར་བརྟེན་ཡིག་རྒྱུག་མཚམས་འཇོག་བྱེད་དགོས་བྱུང་བས། ཡིག་རྒྱུག་ནང་ཞུགས་མཁན་ཡོངས་ལ་དགོངས་སེལ་ཞུ་བ་དང་སྦྲགས། ཁྱེད་ཅག་ལ་ཡིག་རྒྱུག་གི་སློབ་ཡོན་ཕྱིར་སློག་རྒྱུ་ཡིན་ཞེས་བརྗོད་འདུག་ཀྱང་། རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་ཚོས་རྒྱ་ནག་ནང་དབྱིན་ཡིག་ཡིག་རྒྱུག་བཀག་འགོག་བྱེད་དོན་ནི་རྒྱ་ནག་གི་གཞོན་སྐྱེས་ཚོ་ཕྱིའི་རྒྱལ་ཁབ་ཏུ་བསྐྱོད་རྒྱུར་ཚོད་འཛིན་བྱེད་ཐབས་ཤིག་ཡིན་སྲིད་པ་དང་། དབྱིན་ཡིག་ཡིག་རྒྱུག་བཀག་འགོག་བྱས་པ་འདིས་རྒྱ་ནག་གི་སྒོ་མོ་འཛམ་གླིང་ནང་ཁ་ཇེ་དམ་དུ་བཏང་བ་མ་ཡིན་ནམ་ཞེས་དོགས་འདྲི་སོགས་བྱེད་བཞིན་འདུག་ལ། རྒྱ་ནག་གི་འགྲོ་འོང་ཁྲིམས་གསར་དེས་ཕྱི་ནས་རྒྱ་ནག་ཏུ་ཡོང་མཁན་དང་རྒྱ་ནག་ནས་ཕྱིར་སྐྱོད་མཁན་གྱི་མི་ཚང་མར་དོགས་ཟོན་དང་དང་ལྟ་ཞིབ་ནན་མོ་བྱ་རྒྱུ་ཡིན་པ་མ་ཟད། བོད་མི་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་དང་འབྲེལ་བའི་མི་རྣམས་ཐད་ཀར་འཛིན་བཟུང་བཀག་འགོག་བྱེད་ཉེན་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡ ཉིན་ནས་དབྱིན་ཇིའི་སྐད་ཡིག་སློབ་གཉེར་མཉམ་འབྲེལ་ཁང་གིས། རྒྱ་ནག་ནང་གི་དབྱིན་ཡིག་ཡིག་རྒྱུག་ཚང་མ་དྲ་ལམ་ཅན་དུ་བསྒྱུར་ཡོད་ཅིང་། དབྱིན་ཇིའི་སློབ་གཉེར་ཁང་དེའི་དྲ་རྒྱའི་གནས་ཚུལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ ༤༤ ནང་དབྱིན་ཡིག་ཡིག་རྒྱུག་གཏོང་སའི་ལྟེ་གནས་ཁང་ ༡༦༩ ཡོད་ཅིང་། ལོ་རེར་ཆ་སྙོམས་ཡིག་རྒྱུག་གཏོང་མཁན་རྒྱ་རིགས་མི་གྲངས་ ༨༥༠༠༠༠ དང་ཕྱི་ལོ་ ༢༠༢༣ ལོར་ཡིག་རྒྱུག་གཏོང་མཁན་མི་གྲངས་ས་ཡ་གསུམ་བརྒལ་ཡོད། འདི་ལོ་ནི་དབྱིན་ཇིའི་སྐད་སློབ་གཉེར་མཉམ་འབྲེལ་ཁང་རྒྱ་ནག་ཏུ་བཙུགས་ནས་ལོ་ ༤༧ དང་རྒྱ་ནག་ནང་དབྱིན་ཡིག་ཡིག་རྒྱུག་གཏོང་བའི་ལས་གཞི་མགོ་བརྩམས་ནས་ལོ་ངོ་ ༣༧ འཁོར་གྱི་ཡོད་འདུག

 

The post རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུག་གཏོང་མཚམས་བཞག appeared first on བོད་ཀྱི་དུས་བབ།.

Original Article