ཕྱི་ཟླ་ ༡༠ ཚེས་ ༧ ནས་ ༢༣ བར་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་བོད་མིའི་ལྷོ་བྱང་གི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་ཡོད་འདུག
ཕྱི་ཟླ་ ༡༠ ཚེས་ ༧ ནས་ ༡༠ བར་བཀའ་བློན་མཆོག་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དང་ཧོན་སུར་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད་འདུག ཕྱི་ཚེས་ ༨ ཉིན། བཀའ་བློན་མཆོག་གིས་སློབ་གྲྭར་འཚམས་གཟིགས་དང་། དེ་བཞིན་མང་ཚོགས་ལ་ཕ་མ་རྣམས་ཀྱིས་ཕྲུ་གུར་བོད་སྐད་གཙང་མ་བཤད་དགོས་པ། བོད་ཀྱི་དུས་ཆེན་ཁག་སྲུང་བརྩི་ཞུ་དགོས་སྐོར་གསུངས་འདུག
ཕྱི་ཚེས་ ༩ ཉིན། བཀའ་བློན་མཆོག་གིས་སྨད་རྒྱུད་དགོན་པའི་སློབ་གྲྭ་དང་། གངས་ཅན་རིག་གནས་གངས་སེང་སློབ་གྲྭ། རྫོང་གསར་དགོན་པའི་སློབ་གྲྭ་བཅས་སུ་ཕེབས་ཏེ་སློབ་གྲྭའི་འཛིན་སྐྱོང་དང་། དགེ་ལས་སློབ་ཕྲུག་བཅས་པར་ཐུག་འཕྲད་གནང་ཡོད་འདུག
ཕྱི་ཚེས་ ༡༡ ཉིན་བཀྲ་ཤིས་ལྷུན་པོ་དགོན་པའི་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་འཛིན་ཁང་དང་ལས་ཁུངས་ཁག་ཏུ་གཟིགས་ཞིབ་ཀྱིས་འཛིན་སྐྱོང་ལས་བྱེད་རྣམས་དང་བཀའ་བསྡུར་གནང་པ་དང་། དེའི་རྗེས་ལུགས་བསམ་མི་མང་ཚོགས་ཁང་དུ་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གལ་གནད་དང་དེའི་དམིགས་ཡུལ་བཞིའི་སྐོར་འགྲེལ་བརྗོད་གནང་ཞིང་། སྲིད་བྱུས་དེ་བཞིན་ལག་བསྟར་ཡོང་བར་ཕ་མ་རྣམས་ནས་སློབ་གྲྭའི་འཛིན་སྐྱོང་དང་མཉམ་ལས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
ཕྱི་ཚེས་ ༡༢ དང་ ༡༣ བར་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་དང་། སྦེལ་ཀོབ་སཾ་བྷོ་ཊའི་སློབ་གྲྭ། སྦེལ་ཀོབ་ CVP སློབ་གྲྭ། སཾ་བྷོ་ཊ་ཨར་ལི་ཀུ་མ་རི་དང་། ཀེ་ལ་ཤ་པུ་ར། གྷོ་ལ་ཐ་ལ་བཅས་སུ་གཟིགས་སྐོར་སྐབས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཕྲུག་རྣམས་ལ་ལོགས་སུ་སློབ་གྲྭ་བཙུགས་པའི་རྒྱ་ཆེ་བའི་དགོངས་བཞེས་སྐོར་དང་། སློབ་མ་རྣམས་ནས་ཕན་ཚུན་དབར་ཐུབ་ཚོད་མི་བྱེད་པར་འཆམ་མཐུན་ངང་གནས་དགོས་པའི་སྐུལ་ལྕག་དང་། གཞན་སཾ་བྷོ་ཊ་སྦེལ་ཀོབ་ཀྱི་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་གནང་ཡོད་ཅིང་། དེ་ནི་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་ཞིག་ཡིན་པ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་གདོང་ལེན་ཆེད་དགེ་ལས་སློབ་ཕྲུག་རྣམས་ནས་བོད་ཀྱི་སྐད་ཡིག་གཅེས་སྲུང་ཐོག་འབད་བརྩོན་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག
ཕྱི་ཚེས་ ༡༦ ཉིན། མ་སུ་རིའི་འགན་འཛིན་ལྷན་ཚོགས་དང་ལྷན་དུ་ཉིན་ཕྱེད་རིང་ཚོགས་འདུ་འཚོགས་པ་དང་། ཉིན་རྒྱབ་སམ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་དང་དགེ་སློབ་རྣམས་ལ་གསུང་བཤད་གནང་འདུག
ཕྱི་ཚེས་ ༡༧ ཉིན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ལོ་འཁོར་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་སྲུང་གཙི་ཐེངས་ ༣༣ པའི་སྐུ་མགྲོན་དུ་ཕེབས་ནས། རྩེད་འགྲན་རྩེར་སོན་རྣམས་ལ་བྱ་དགའ་དང་ཕྱག་ཁྱེར་གནང་བ་མ་ཟད། རུ་སྒྲིག་རྒྱལ་ཁ་ཐོབ་པའི་ཁྲི་སྲོང་ཁང་ཚན་ལ་རྟགས་མ་ཕུལ་ཡོད་འདུག དེ་ནས་སློབ་མའི་བརྩོན་འགྲུས་དང་ཀུན་སྤྱོད། ཚོགས་པའི་སྙིང་སྟོབས་བཅས་ལ་བསྔགས་བརྗོད་དང་འབྲེལ་མདུན་བསྐྱོད་ལ་སྐུལ་མ་གནང་ཡོད་འདུག
ཕྱི་ཚེས་ ༢༠ ཉིན། མ་སུ་རི་ཁྱབ་ཁོངས་ཀྱི་བདེ་སྐྱིད་གླིང་སློབ་གྲྭ་དང་། རཱཇ་པུར་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་ཀྱིས་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་གནང་པ་དང་། མི་མང་འདུ་འཛོམས་ཐོག་བཀའ་སློབ་ཀྱང་གནང་ཡོད་འདུག
ཕྱི་ཚེས་ ༢༡ ཉིན། བོད་ཁྱིམ་ཁྱབ་ཁོངས་གྷོ་རི་མྰ་ཕི་སློབ་གྲྭ་དང་དོན་འགྲུབ་གླིང་སློབ་གྲྭར་གཟིགས་སྐོར་གནང་ཡོད་འདུག
ཕྱི་ཚེས་ ༢༢ ཉིན། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་གྱིས་དགེ་སློབ་ཡོངས་ལ་གཏམ་བཤད་དང་། བོད་ཁྱིམ་བཟོ་རིག་སྒྱུ་རྩལ་སློབ་གཉེར་བསྟི་གནས་ཁང་། སམ་བྷོ་ཊ་ཧ་སྤ་སྤུར་སློབ་གྲྭ། སྤུར་ཝ་ལ་སློབ་གྲྭ་བཅས་ལ་གཟིགས་སྐོར་གྱིས་བཀའ་སློབ་ལམ་སྟོན་གནང་ཡོད་འདུག
ཕྱི་ཚེས་ ༢༣ ཉིན། སྤོན་ཊ་སློབ་གྲྭ་དང་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་གཟིགས་སྐོར་གྱིས་བཀའ་སློབ་ལམ་སྟོན་གནང་གྲུབ་མཚམས། ཉིན་རྒྱབ་ཕྱིར་དྷ་རམ་ས་ལར་ཕེབས་འཆར་བཅས་ཀྱི་ཐེངས་འདིའི་གཟིགས་སྐོར་ཡོངས་འགྲུབ་གནང་ཡོད་པ་རེད་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་། appeared first on བོད་ཀྱི་དུས་བབ།.





