སེར་བྱེས་མཁས་སྙན་གྲྭ་ཚང་དུ་རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཐེངས་ ༤ པ་འཚོགས་འདུག

6 hours ago

ཟླ་བ་འདིའི་ཚེས་ ༢༣ ནས་དེ་རིང་ཚེས་ ༢༥ བར་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནང་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ། སེར་བྱེས་མཁས་སྙན་གྲྭ་ཚང་དང་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག །རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཐེངས་ ༤ པ་འཚོགས་འདུག དེ་ཡང་རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཉིན་དང་པོའི་ཕྱག་ཚོད་ ༩།༣༠ ཐོག་བགྲོ་གླེང་གི་དབུ་འབྱེད་མཛད་སྒོ་འཚོགས་འདུག་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་དཔལ་བཟང་པོ་མཆོག་དང་། རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ངག་དབང་སངས་རྒྱས་མཆོག །སེར་བྱེས་ཁྲིམས་བདག་དགེ་བསྐོས། དེ་བཞིན་ཕྱག་མཛོད་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་རིས་མེད་ཀྱི་མཁས་དབང་རྣམ་པ་དང་། ཐའེ་ལེནྜ་ནས་ཕེབས་པའི་དགེ་སློང་རྣམ་པ་དང་། གྲྭ་ཚང་གི་དཔེ་ཁྲིད་རྒན་ལགས་རྣམ་པ། དགེ་བཤེས་དང་སློབ་གཉེར་བ་སོགས་ལྷན་ཞུགས་གནང་འདུག དབུ་འབྱེད་མཛད་སྒོའི་ཐོག་རིས་མེད་མཐུན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་འགྱུར་མེད་རྡོ་རྗེ་ལགས་ནས་ཕེབས་བསུའི་གསུང་བཤད་གནང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་དཔལ་བཟང་པོ་མཆོག་གིས་གཙོ་བོ་ཆོས་བརྒྱུད་ཚང་མས་མཐུན་སྒྲིལ་གནང་ཐུབ་ན་མི་རིགས་ནང་ཁུལ་ལ་རང་བཞིན་གྱི་མཐུན་ལམ་ཡོང་རྒྱུ་སྨོས་མེད་ཡིན་ལ། ཆོས་བརྒྱུད་ནང་ཕན་ཚུན་མཐུན་ལམ་དགོས་གལ་ཆེ་བའི་གསུང་བཤད་གནང་བ་དང་། དེ་རྗེས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཝཱ་ཎ་མཐོ་སློབ་ཀྱི་རྒྱ་གཞུང་སློབ་དཔོན་དགེ་བཤེས་དབང་གྲགས་ལགས་ནས་རིས་མེད་མཐུན་ཚོགས་ཀྱི་ངོ་སྤྲོད་དང་བགྲོ་གླེང་གོ་སྒྲིག་གི་བརྒྱུད་རིམ་ཁག་ངོ་སྤྲོད་གནང་བ་དང་འབྲེལ། ད་བར་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ནས་རྒྱལ་ཡོངས་ནང་ཆོས་བགྲོ་གླེང་ཐེངས་ ༣ ཙམ་གོ་སྒྲིག་གནང་ཐུབ་པ་བྱུང་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་དེ་བཞིན་དེ་སྔོན་དང་མི་འདྲ་བར་རྒྱལ་སྤྱིའི་རྣམ་པ་ལྡན་པའི་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་གསུངས་འདུག ཉིན་རྒྱབ་ཕྱག་ཚོད་ ༡ པོ་ནས་རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་དེ་བཞིན་དངོས་སུ་འགོ་འཛུགས་ཞུས་འདུག་ཅིང་། ཐེངས་འདིའི་བགྲོ་གླེང་ཐོག་བརྗོད་གཞི་གཙོ་བོ་ཐེག་པ་ཆེ་ཆུང་མདོ་སྔགས་གཞུང་གི་ལྟ་གྲུབ་སྐོར་ལ་བགྲོ་གླེང་གནང་ཡོད་པ་རེད། མ་ཟད་བགྲོ་གླེང་ཐོག་གསུང་བཤད་པའི་ཁོངས་བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་མཁས་དབང་རྣམ་པ་དང་། དེ་བཞིན་ Sri Lanka དང་ཐའེ་ལེནྜ་ནས་ཕེབས་པའི་གནས་བརྟན་སྡེ་བའི་དགེ་སློང་མཁས་པ་རྣམ་པས་གསུང་བཤད་དང་བགྲོ་གླེང་གནང་འདུག གཞི་རྩའི་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ནས་བོད་ཀྱི་ཆོས་བརྒྱུད་ཁག་དང་སྔ་ཕྱི་གོ་རིམ་ལྟར་བགྲོ་གླེང་གོ་སྒྲིག་གནང་གི་ཡོད་པ་དང་ད་བར་རྒྱལ་ཡོངས་རིས་མེད་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་གོ་སྒྲིག་ཞུས་ཟིན་པ་དང་། རིས་མེད་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཐེངས་དང་པོ་དེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཚོགས་ཡོད་པ་དང་། ཐེངས་གཉིས་པ་འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་སྒྲོལ་གླིང་གི་བཤད་གྲྭ་སྔ་འགྱུར་མདོ་རྒྱུད་ལེགས་བཤད་གླིང་དུ་གོ་སྒྲིག་ཞུས་ཡོད་པ་མ་ཟད། བགྲོ་གླེང་ཐེངས་གསུམ་པ་དེ་གདན་ས་དཔལ་སྤུངས་ཤེས་རབ་འཇམ་དཔལ་གླིང་དུ་འཚོགས་ཡོད་པ་རེད།

The post སེར་བྱེས་མཁས་སྙན་གྲྭ་ཚང་དུ་རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཐེངས་ ༤ པ་འཚོགས་འདུག appeared first on vot.

Original Article