ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ལས་འགུལ་འགོ་འཛུགས།
རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་ཐབས་དང་། བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱེད་བཞིན་པར་གདོང་ལེན་དང་བོད་དོན་འཐབ་རྩོད་སྔར་ལྷག་སྤེལ་ཆེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༨ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ལས་འགུལ་ཞིག་དབུ་འཛུགས་གནང་སོང་ཞིང་། ལས་འགུལ་འདིའི་ཐོག་བློ་དགའ་རང་བཙན་དམ་པས་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རང་ལུས་མེར་སྲེག་གནང་སྐབས་སྒྲེང་འཛུགས་གནང་བའི་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དེ་ཉིད་མཉམ་འཁྱེར་གྱིས་འགྲེམ་སྟོན་གནང་སྟེ། རྒྱལ་སྤྱིའི་ཁྱོན་དུ་དམ་པ་ཁོང་གི་ལོ་མཆོད་བར་སྐོར་སྐྱོད་གནང་རྒྱུ་ཡིན་པ་དང་། སྐོར་སྐྱོད་འདིའི་བརྒྱུད་ནས་༧སྐུའི་ཡང་སྲིད་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་མི་ཆོག་པར་རྒྱལ་སྤྱིའི་རྒྱབ་སྐྱོར་འབོད་སྐུལ་ཞུ་རྒྱུ་དང་། རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་བློས་གཏོང་ལ་རྒྱ་གཞུང་གིས་འགན་འཁུར་དགོས་པ། ཉེས་མེད་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དང་། ཉེ་ལམ་རྒྱ་གཞུང་གིས་གཏན་འབེབས་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་ཕྱིར་བསྡུ་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་ཁག་ཅིག་གི་ཐོག་ནས་བོད་དོན་དྲིལ་བསྒྲགས་གནང་རྒྱུ་མ་ཟད། བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་གོང་མཐོར་དང་ལས་འགུལ་ནང་མང་ཚོགས་རྣམས་ནས་མཉམ་བཞུགས་ཤུགས་ཆེ་གནང་དགོས་པའི་གལ་གནད་ཆེན་པོ་ཡིན་པའི་འབོད་སྐུལ་གནང་འདུག །





