དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

3 hours ago

དཔལ་འབྱོར་ལས་ཁུངས་ཀྱིས་བོད་མི་རྣམས་ལ་སྟབས་བདེ་ཡོང་སླད་དྲ་ལམ་ནས་དཔྱ་ཁྲལ་ལག་དེབ་ཀྱི་འབུལ་དངུལ་ཕུལ་བའི་ལས་གཞི་ཞིག་ལག་བསྟར་བྱེད་མུས་ཡིན་འདུག

དེ་རིང་ཕྱི་ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དྲུག་པར། བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༥ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་གྱི་ལས་སྡོམ་སྙན་སྒྲོན་དང་བགྲོ་གླེང་གནང་ཡོད་པ་དང་། དཔལ་འབྱོར་ལས་ཁུངས་ཀྱིས་དྲ་ལམ་བརྒྱུད་དཔྱ་དངུལ་འབུལ་བའི་ལས་གཞི་ཞིག་ལག་བསྟར་གནང་ཡང་ལས་གཞིའི་ནང་ཞུགས་མཁན་ཉུང་ཉུང་ཡིན་འདུག 

དཔལ་འབྱོར་བཀའ་བློན་གྱང་གསར་ཚེ་རིང་དོན་གྲུབ་མཆོག་གིས་དྲ་ལམ་ནས་དཔྱ་དངུལ་འབུལ་སྟངས་དང་འབྲེལ་ནས། རྩིས ལོ་ ༢༠༢༤ ནས་ ༢༠༢༥ དང་ ༢༠༢༥ ནས་ ༢༠༢༦ བསྡུར་བ་ཡིན་ན། ཕྱི་ལོ་ ༢༠༢༥ ནས་ ༢༠༢༦ ལ་ས་ཡ་ ༣༨༩།༧༨ དང་། ཕྱི་ལོ་ ༢༠༢༤ ནས་ ༢༠༢༥ ས་ཡ་ ༢༦༨།༡༧ དེ་གཉིས་ལོ་གོང་མ་ལས་ས་ཡ་བརྒྱ་ལྷག་ཅིག་འཕར་འདུག དྲ་ལམ་ནས་མཉམ་ཞུགས་བྱེད་མཁན་ཉུང་ཉུང་རེད་འདུག དཀའ་ངལ་ཅི་འདྲ་འཕྲད་ཀྱི་ཡོད་མེད་དང་། མི་མང་ལ་དེའི་སྐོར་གྱི་གོ་རྟོགས་གསལ་བོ་ཡོང་རྒྱུའི་སྐོར་བཀའ་གནང་སོང་། ཕྱི་ལོ་ ༢༠༢༥ ནས་༢༠༢༦ ་དྲ་ལམ་ནས་མཉམ་ཞུགས་བྱེད་མཁན་ཁྱོན་སྡོམ་མི་ ༢༦༧ དང་། ཕྱི་ལོ་ ༢༠༢༤ ནས་ ༢༠༢༥ ལ་མི་ ༢༠༧། ཕྱི་ལོ་ ༢༠༢༣ ནས་ ༢༠༢༤ ལ་མི་ ༣༢༩ བཅས། ཁྱོན་སྡོམ་མང་ཆེ་བ་༣༥༠ ལས་ཡར་བརྒལ་མི་འདུག སྔོན་མ་མང་ཚོགས་ནས་སྐུལ་འདེད་ཀྱིས་དྲ་ལམ་ནས་དཔྱ་ཁྲལ་ཕུལ་བ་ཡིན་ན་སྟབས་བདེ་བོ་འདུག་ཅེས་དྲ་ལམ་གྱི་ཆ་རྐྱེན་བསྐྲུན་པ་རེད། དངོས་ཡོད་གནས་ཚུལ་ལ་བྱང་ཨ་རི་མ་གཏོགས་དྲ་ཐོག་དཔྱ་དངུལ་བསྡུ་མཁན་ཡོད་མ་རེད། བྱང་ཨ་རི་ནས་གོང་དུ་གྲངས་ཀ་ཞུས་པ་དག་རེད། བྱང་ཨ་རི་ལ་ལོ་གཅིག་གི་ནང་དུ་སྤྱི་མཐུན་ཚོགས་པ་མང་པོ་ཞིག་ཐེངས་མང་པོར་འདུ་འཛོམས་བྱེད་ཀྱི་ཡོད་པས། སྐབས་དེར་དཔྱ་ཁྲལ་བསྡུ་བའི་ལམ་སྲོལ་ཞིག་འདུག དེ་བས་མང་ཚོགས་མང་པོ་ཞིག་འདུ་འཛོམས་དེར་ཕེབས་དགོས་པས། སྐབས་དེར་དཔྱ་དངུལ་ལག་དེབ་མཉམ་དུ་བསྣམས་ནས་དཔྱ་ཁྲལ་བསྡུ་ཡི་ཡོད་ས་རེད། དྲ་ལམ་བརྒྱུད་ནས་དཔྱ་དངུལ་བསྡུ་དགོས་ཀྱི་ཡོད་ན། དེའི་རིན་ལ་ཨ་སྒོར་(Dollar ) གཉིས་གསུམ་དེ་འདྲ་སྤྲོད་དགོས་པ་ཆགས་ཀྱི་འདུག ཡིན་ཡང་། གལ་ཆེ་ཤོས་ཤིག་ལ་ང་ཚོའི་ཆ་རྐྱེན་བསྐྲུན་པ་ནང་བཞིན་གྱིས་མི་མང་མཉམ་ཞུགས་བྱས་པ་ཉུང་ཉུང་རེད་འདུག  ཅེས་གསུངས་སོང་།

དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༦ ཟླ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་སྡོམ་སྙིང་བསྡུས་ལྟར་ན། རྩིས་ལོའི་ནང་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་རང་བདེན་ཚོགས་ཆུང་ཁག ༧༥ དང་། ཕྱི་རྒྱལ་སྐུ་ཚབ་དོན་ཁང་ ༩། པཱིརཱིས་འབྲེལ་མཐུད་ལས་ཁང་བཅས་ནས་དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་ཁྱོན་བསྡོམས་ཧིན་སྒོར་ས་ཡ་ ༣༨༩།༧༡ བསྡུ་ཐུབ་ཡོད་ཅིང་།  ཨ་རི་ནས་བོད་མི་གྲངས་ ༡༦༤ དང༌། ཁེ་ན་ཊ་ནས་མི་གྲངས་ ༡༠༣ བཅས་ཁྱོན་མི་གྲངས་ ༢༦༧ གྱིས་ཁྱོན་སྡོམ་ཨ་སྒོར་༢༨༤༨༩།༥༦ འབབ་ཀྱི་དཔྱ་དངུལ་དྲ་ཐོག་ནས་ཕུལ་འབྱོར་འདུག་ལ། རྩིས་ལོའི་ནང་དཔྱ་དེབ་གསར་བཟོ་གྲངས་ ༡༢༣༥ དང་། ནོར་བཅོས་གྲངས་ ༡༣༨༥། བོར་བརླག་གྲངས་ ༢༠༥།དཔྱ་དེབ་འཕར་མ་གྲངས་ ༡༩༣ བཅས་ཁྱོན་སྡོམ་དཔྱ་དེབ་གྲངས་ ༣༠༡༨ བགོ་འགྲེམས་བྱས་ཡོད་པ་མ་ཟད། དཔྱ་དེབ་ནོར་བཅོས་དང་བོར་བརླག་བསྐྱར་བཟོ་འབྲེལ་བའི་དེབ་རིན་ཧིན་སྒོར་༣,༨༠༧,༨༢༩ རྩིས་ལོ་ ༢༠༢༥་་་༢༠༢༦ ནང་བྱུང་ཡོད་འདུག 

བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་གྱི་རྩིས་ལོའི་ནང་དཔྱ་ཁྲལ་དངུལ་བབ་ཀྱི་གྲངས་འབོར་ལྟར་ན། རྒྱ་གར་ནས་མི་གྲངས་ ༥༨༤༡༣ དང་། བལ་ཡུལ་ནས་མི་གྲངས་ ༧༡༤༨ ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ ༡༧༨༩༡ ། སུད་སིའི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་༦༠༨༧ ། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ ༤༦༡ ། ཉི་ཧོང་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ ༩༠ ། ཧྥ་རན་སིའི་འབྲེལ་མཐུད་ལས་ཁང་ཁྱབ་ཁོངས་ ༣༧༠༨ །  བྷེལ་ཇམ་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ ༢༦༧༤ ། ཨོ་གླིང་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ ༢༢༠༩ ། རུ་སོག་སྐུ་ཚབ་དོན་གཅོག་ཁྱབ་ཁོངས་ ༠ ། ཐའེ་ཝན་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ ༡༢༦ །  ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་ ༡ བཅས་ཁྱོན་ ༩༨༨༠༨ བཅས་ཡོད་འདུག 

དེ་རིང་དཔལ་འབྱོར་ལས་ཁུངས་ཀྱི་ལས་སྡོམ་ནང་། བོད་མིའི་འཛིན་སྐྱོང་བདེ་དོན་ལྷན་ཚོགས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡིད་ཆེས་དགེ་རྩ་དང་འབྲེལ་བ། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་། ཁྲིམས་ལུགས་སྒོ་བསྟུན་ཚན་པ། བུད་མེད་ནུས་སྟོབས་ཚན་པ་སོགས་ཀྱི་སྐོར་ལ་གླེང་སློང་དང་གྲོས་བསྡུར་ལྷུག་པོ་གནང་སོང་། 

གསར་འགོད་པ། རྟ་མགྲིན་མཚོ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ། appeared first on བོད་ཀྱི་དུས་བབ།.

Original Article