༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༧ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ཐོག་མར་ས་ལུ་སྒ་རར་རྟེན་གཞི་བྱས་པའི་མ་དགོན་གསང་ཆེན་དཔལ་སྲད་རྒྱུད་གྲྭ་ཚང་དང་། བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ལ་མཆོད་མཇལ་དུ་ཕེབས་རྗེས། དུས་འཁོར་ལྷ་ཁང་དུ་འཚམས་གཟིགས་ཕེབས་སྐབས་ཧི་མཱ་ལ་ཡའི་ནང་པའི་རིག་གཞུང་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ནས་རོལ་དབྱངས་དང་བཅས་ཕེབས་བསུ་ཞུས་པ་དང་། ༸རྒྱལ་བའི་གཟིམ་ཆུང་མཇལ་ཞུས་རྗེས་སློབ་གྲྭའི་དགེ་ལས་རྣམས་དང་བཀའ་བསྡུར་གནང་ཡོད།
དེ་རྗེས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ས་གནས་ཡན་ལག་སྨན་ཁང་དུ་འཚམས་གཟིགས་སུ་ཕེབས་རྗེས་ས་གནས་མི་མང་ཚོགས་ཁང་ནང་དུ་མི་མང་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན། ད་ལན་ས་གནས་སུ་བཅར་དགོས་དོན་ཡང་ཇཡ་གཱཾཝ་ས་གནས་སུ་ཐེག་ཆེན་ཕུན་ཚོགས་གླིང་དགོན་པ་དབུ་འབྱེད་དང་། ༸སྐྱབས་རྗེ་༸གོང་མ་ཡབ་སྲས་རྣམ་པར་བརྟན་བཞུགས་བསྟར་འབུལ། དཔལ་ས་སྐྱ་༸གོང་མ་ཁྲི་རབས་ ༤༤ ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོར་ཕེབས་ཞོར་དུ་ཀ་རྡོར་སྒང་གསུམ་གྱི་ས་གནས་འགོ་འཛིན་ཁྱབ་ཁོངས་དགོན་སྡེ་ཁག་དང་། སྡེ་ཚན་ཁག དེ་བཞིན་མི་མང་ཐུག་འཕྲད་ཆེད་ཕེབས་སྐོར་ངོ་སྤྲོད་གནང་། དེ་རྗེས་བཀའ་ཤག་སྐབས་ ༡༧ བཀའ་བློན་རྣམ་པའི་གྲུབ་ཆ་དང་། བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་ངོ་སྤྲོད་མདོར་བསྡུས་སུ། བཀའ་ཤག་སྐབས་ ༡༧ པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་ལས་དོན་རྣམས་གཉེར་རྒྱུ། དེ་བཞིན་༸སྐུ་མདུན་ཐུགས་བསུན་བཟོ་མི་དགོས་པ། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ང་ཚོར་ཇི་ལྟར་ཡིད་ཆེས་དང་ཐུགས་རེ་གནང་བ་བཞིན་ཐུགས་ཕམ་མི་ཡོང་བ་གཙོ་འདོན་གནང་རྒྱུ། འཛིན་སྐྱོང་གི་ལས་དོན་རྣམས་ཁྲིམས་དང་སྒྲིག་གཞི་གཙོ་བཟུང་གིས་སྒྲུབ་རྒྱུ་དང་། མ་གཙོ་ཀ་བ་གསུམ་གྱི་སྐུ་དབང་ཆ་བགོས་གཅིག་མཚུངས་ཡོད་པ་བཞིན་ལྗིད་སྙོམས་སྟངས་འཛིན་ལ་གུས་བརྩིས་ཞུས་པའི་ཐོག་ནས་ཕྱག་ལས་གནང་རྒྱུ། དེ་བཞིན་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྒྲིག་གཞི་དང་དམིགས་ཡུལ་བཞིན་ཕྱག་ལས་གནང་རྒྱུར་བཀའ་ཤག་ངོས་ནས་ཐེ་བྱུས་བྱ་རྒྱུ་མིན་པ་བཅས་གསུངས། དེ་ནས་བཀའ་ཤག་སྐབས་ ༡༧ པའི་ཆབ་སྲིད་ལངས་ཕྱོགས་ནི་༸རྒྱལ་བའི་དགོངས་བཞེད་དང། མི་མང་གི་མངོན་འདོད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་གཏན་འབེབས་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཤར་སྐྱོད་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་འབངས་ཡོངས་ལ་མང་གཙོ་གསོལ་རས་བཀའ་དྲིན་སྩལ་གནང་མཛད་པ་བཞིན་མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་ཡོང་ངེས་ནི་མང་གཙོའི་རང་བཞིན་ཡིན་པས་ལངས་ཕྱོགས་སོ་སོའི་དགོས་དམིགས་བཞིན་ཕྱག་ལས་གནང་བའི་ཐོག་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་བོད་དོན་ཐོག་ནུས་པ་སྤུངས་ཐུབ་པ་དགོས་གལ། དེ་ནས་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་རྣམས་དཔལ་ལྡན་དགའ་ལྡན་ཕོ་བྲང་རང་ལ་སྐུ་དབང་ཡོད་པ་ལས་གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱ་རྒྱུའི་དབང་ཆ་མེད་སྐོར་ངོ་སྤྲོད་གནང་ཡོད།
དེ་ནས་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་བོད་ཀྱི་གྲངས་འཛིན་དཔེ་མཛོད་དང་། གནས་སྐོར་མཉེན་ཆས་བཅས་ངོ་སྤྲོད་གནང་། དེ་ནས་མི་མང་རྣམས་ལ་འབོད་སྐུལ་ཞུས་དོན། བོད་མིའི་དང་ཞབས་དམག་མི་རྣམས་ལ་དེང་སང་རྒྱ་གར་དམག་མི་དང་མཐུན་རྐྱེན་གཅིག་མཚུངས་གནང་བཞིན་ཡོད་ནའང་། བོད་མི་དམག་ཞུགས་གནང་མཁན་ཧ་ཅང་ཉུང་བའི་རྐྱེན་གྱིས་ས་མིག་རྣམས་སྐོང་མི་ཐུབ་པར་བརྟེན་རང་རེའི་ན་གཞོན་དང་ཞབས་དམག་ཁང་དུ་འཛུལ་ཞུགས་ཡོང་བའི་སློབ་གསོ་བསྐྱོན་ཐབས་ཡོང་བ་དང་། ཉེ་ཆར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཅེས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་གཏོང་རྒྱུའི་སྲིད་བྱུས་ལ་ཁྲིམས་འབག་གཡོགས་ཏེ་ལག་བསྟར་བྱེད་བཞིན་པར། འཛིན་སྐྱོང་བཀའ་ཤག་ངོས་ནས་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལམ་སྟོན་གསལ་བསྒྲགས་བསྐྱངས་དོན་བཞིན་ས་གནས་སོ་སོའི་མི་རེ་ངོ་རེ་ནས་ལས་གཞི་གང་མང་སྤེལ་དགོས་པ་དང་། ཁྱིམ་ཚང་སོ་སོའི་ནང་ཕ་མས་ངེས་པར་དུ་བོད་སྐད་བསྐྱོན་དགོས་པ། དེ་བཞིན་ཁ་འཐོར་ས་གནས་སུ་གནས་པའི་བོད་མི་རྣམས་ཕྱི་ལ་བོད་མི་ཐུག་སྐབས་ངེས་པར་དུ་བོད་སྐད་བཀོལ་སྤྱོད་གནང་དགོས་པའི་བསྐུལ་མ་གནང་། དེ་བཞིན་དེང་སང་བོད་ནས་ཕེབས་མཁན་ཧ་ཅང་ཉུང་བ་དང་། བོད་རིགས་གཞོན་སྐྱེས་མང་པོ་ཞིག་ཕྱིའི་རྒྱལ་ཁབ་དུ་གནས་སྤོས། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་ཕྲུ་གུའི་སྐྱེ་ཚད་ཧ་ཅང་ཉུང་དུ་འགྲོ་བའི་རྐྱེན་གྱིས། དགོན་སྡེ་ཁག་ནང་གྲྭ་རྒྱུན་ཉུང་བ་དང་། བོད་པའི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཉུང་རྐྱེན་སློབ་གྲྭ་ཟླ་སྒྲིལ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་སྟབས། མི་རབས་རྒན་པ་ཚོས་སོ་སོའི་ཕྲུ་གུ་དང་གཉེན་ཚན་རྣམས་ལ་དུས་ཐོག་གཉེན་སྒྲིག་གིས་མི་འབོར་འཕེལ་རྒྱས་གལ་ཆེའི་སློབ་གསོ་གནང་དགོས་པའི་འབོད་སྐུལ་ཞུས་རྗེས་མི་མང་ནས་དྲི་བ་ཕེབས་པ་ཁག་ལ་ལན་འདེབས་གནང་བ་བཅས་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༣ ནས་ཟླ་ ༡༡ ཚེས་ ༨ བར་ཇཡ་གཱཾཝ་ས་གནས་སུ་ཐེག་ཆེན་ཕུན་ཚོགས་གླིང་དགོན་པའི་དབུ་འབྱེད་མཛད་སྒོ་དང་། དཔལ་ས་སྐྱ་༸གོང་མ་ཡབ་སྲས་རྣམ་པར་བརྟན་བཞུགས་འདེགས་འབུལ། དེ་བཞིན་༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་དཔལ་ས་སྐྱ་༸གོང་མ་ཁྲི་རབས་ ༤༤ པའི་ཁྲི་འདོན་མཛད་སྒོར་ཕེབས་ཞོར་དུ་ཀ་རྡོར་སྒང་བཅས་སུ་ཁྱབ་ཁོངས་དགོན་སྡེ་ཁག་དང་སྡེ་ཚན་ཁག དེ་བཞིན་མི་མང་ཐུག་འཕྲད་གནང་རྒྱུ་བཅས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་གྲུབ་ཡོད།།





