དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ཨ་ཌི་ཤ་ཕུན་ཚོགས་གླིང་གི་མི་མང་ལ་གསུང་བཤད་གནང་བ།

1 week ago

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༡༡ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཨོ་ཌི་ཤ་ཕུན་ཚོགས་གླིང་མི་མང་ཚོགས་ཁང་དུ་ས་གནས་གཞིས་མི་མང་ཚོགས་ལ་གསུང་བཤད་གནང་བའི་མཛད་རིམ་གྱི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཕྱག་དང་མར་མེ་ཞལ་ཕྱེ་གནང་སྟེ་མཛད་རིམ་དབུ་འཛུགས་གནང་ཡོད།

དེ་ཡང་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་འགོོ་འཛིན་ཀརྨ་བློ་གྲོས་བཟང་པོ་ལགས་ཀྱིས་དཔལ་ལྡན་ནང་སྲིད་བཀའ་བློན་གཙོ་གཙོ་དཔོན་དཔལ་ལྡན་དོན་གྲུབ་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ནང་སྲིད་བཀའ་བློན་དུ་སྤྱི་མོས་འདེམས་ཐོན་གནང་བར་ཨོ་ཌི་ཤ་ཕུན་ཚོགས་གླིང་སེར་སྐྱ་གཞིས་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་དང་བཀའ་བློན་མཆོག་གི་མཛད་འགན་བཞེས་རྗེས་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་གནང་བ་ལ་བྱོན་པ་ལེགས་ཞུ་གནང་སོང་བ་དང་། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ནས་ ༡༠ བར་གྱི་ལས་བསྡོམས་སྙན་སྒྲོན་གནང་། དེ་རྗེས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་ད་རེས་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་སུ་བཅར་དགོས་དོན་གཙོ་བོ་ནི་ཉེ་དུས་གཞིས་ཆགས་ནང་ཆར་རླུང་དྲག་ཆར་གྱི་རྐྱེན་པས་གཞིས་མི་རྣམས་ཀྱི་ཞིང་ཁའི་སྟོན་འབྲས་ལ་གནོད་སྐྱོན་ཤུགས་ཆེ་ཕོག་ཡོད།

དེ་ཡང་སྤྱོད་འཇུག་ནང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ “གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགའ་ཅི་ཞིག་ཡོད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན།” ཞེས་གསུངས་པ་ལྟར་བློ་ཕམ་མི་དགོས་པའི་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཆེད་བཅར་བ་དང་བསྟུན། སྐབས་ ༡༧ པའི་ནང་སྲིད་བཀའ་བློན་གྱི་ཐུགས་འགན་བཞེས་ཏེ་ས་གནས་ས་ཐོག་ལ་བཞུགས་པའི་མི་མང་རྣམས་ལ་ཐུག་འཕྲད་དང་ལྷན་ས་གནས་སུ་ཆགས་པའི་དགོན་སྡེ་ཁག་དང་། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་སྒྲིག་འཛུགས། གཞིས་གྲོང་བཅས་ལ་འཚམས་གཟིགས་དང་གསུང་བཤད་གནང་རྒྱུའི་ལས་རིམ་སོགས་ཀྱི་ངོ་སྤྲོད་གནང་།

སྐབས་ ༡༧ པའི་བཀའ་ཤག་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༢ ནས་བདམས་ཐོན་བྱུང་རྗེས་སུ་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ནས་འགོ་བཙུགས་ཏེ་གཞུང་དོན་འཚམས་གཟིགས་ཕེབས་ཡོད་པ་དང་། རིམ་བཞིན་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་བོད་མིའི་ཁ་ཐོར་ས་གནས་སུ་འཚམས་གཟིགས་དང་། ད་ཆ་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་དང་། རིམ་བཞིན་མན་སྤར་ཕན་བདེ་གླིང་། སྦན་ད་ར་ནོར་རྒྱ་གླིང་ས་གནས་བཅས་སུ་འཚམས་གཟིགས་ཕེབས་རྒྱུའི་མཛད་འཆར་སྐོར་འགྲེལ་བརྗོད་གནང་།

དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ཕྱི་ལོ་ ༢༠༠༢ ནས་ ༢༠༠༧ བར་ལོ་བཞི་ལྷག་རིང་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་ནང་སྲི་ཞུའི་ལས་བྱེད་ཀྱི་ངོ་བོའི་ཐོག་ས་གནས་འགོ་འཛིན་གྱི་ཐུགས་འཁུར་བཞེས་ཡོད་པས། སྐབས་དེར་གཞིས་ཆགས་ཀྱི་གནས་སྟངས་དང་ད་ལྟའི་ཆར་ཡར་རྒྱས་ཕྱིན་ཡོད་པའི་རྣམ་པ་ཧ་ཅང་གསལ་པོ་མཐོང་ཆོས་སུ་ཡོད་པ་རྣམས་གཙོ་ཆེ་བོད་མི་རྣམས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་ཡང་དག་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ཡིན་པ་ཤེས་དགོས་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་མི་རབས་རྒན་པ་རྣམ་པས་སྐུ་ལས་ཧ་ཅང་བསྐྱོན་པའི་དོན་འབྲས་ཡིན་པ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཚགས་ཚུད་གནས་རྒྱུ་དེ་བོད་མི་རྣམས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ལ་རག་ལུས་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་ཐུགས་རེ་བཞིན་གཞིས་ཆགས་འགོ་བཙུགས་ནས་ད་བར་ལོ་ངོ་ ༦༢ ལྷག་གཞིས་མི་རྣམས་ནས་སོ་ནམ་ཞིང་ལས་གཉེར་བཞིན་པ་དེར་བསྔགས་བརྗོད་ཞུ་འོས་པ་རེད། འོན་ཀྱང་ཕྱི་དངོས་པོའི་ཡར་རྒྱས་ལ་བརྟེན་ནས་དེ་སྔ་ལྟར་ཞིང་ལས་གཉེར་མཁན་མང་པོ་མེད་པར་ཉུང་དུ་འགྲོ་བཞིན་ཡོད་སྟབས། གཞིས་མི་རྣམས་ནས་ཞིང་ས་འདེབས་ལས་བྱས་ཏེ་ས་སྟོང་མ་བཞག་པར་རང་མི་རང་འདེབས་གནང་དགོས་ངེས་ཡིན་པའི་སྐུལ་མ་དང་སྦྲགས། གལ་ཏེ་ཁྱིམ་ཚང་ནང་ཞིང་ལས་ཆེད་མི་ཆ་མ་འདང་བ་དང་དཀའ་ངལ་འཕྲད་ཀྱི་ཡོད་ཚེ་ཞིང་ཁའི་ནང་ཤིང་སྡོང་ལ་སོགས་པ་འདེབས་འཛུགས་གནང་སྟེ་གཞིས་ཆགས་ཀྱི་ས་ཞིང་རྣམས་བདག་བཟུང་ཡག་པོ་གནང་དགོས་པའི་ཞེན་སྐུལ་གནང་། དེ་མཚུངས་སྐབས་ ༡༧ པའི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་བཀའ་ཤག་གི་གྲུབ་ཆ་ངོ་སྤྲོད་དང་སྦྲགས། སྐབས་ ༡༧ པའི་བཀའ་ཤག་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དང་། སྐབས་ ༡༦ པའི་བཀའ་ཤག་གི་མ་འོངས་ཕུགས་དམིགས་དང་འགན་སྲུང་ཡིག་ཆ་དེ་བསྐྱར་སྣོན་འཐུས་ཚང་བཟོ་འགོད་གནང་བའི་སྐོར་གནས་ལུགས་དང་། བཀའ་ཤག་གི་སྤྱི་ཡོངས་ལས་དོན་གནང་ཕྱོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི། བློན་ཆེན་ལས་ཁུངས་བདུན་དང་རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ལས་དོན་གནང་ཕྱོགས་བཅས་ཀྱི་རྒྱབ་ལྗོངས་སྐོར་མང་ཚོགས་ལ་གསལ་བཤད་དང་། གཞིས་མི་ཕན་ཚུན་མཐུན་སྒྲིལ་ཡོང་བའི་རྩ་བ་དེ་བྱམས་བརྩེ་ཡིན་པ་དང་རང་གཤིས་སུ་འཇགས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་ཆགས་དགོས་པ་ནི་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན་སྐོར་དང་། གཞིས་ཆགས་ནང་འཁོས་ཞན་སྐྱབས་མེད་མགོན་མེད་ཉམ་ཐག་གྲོགས་མེད་ཁེར་རྐྱང་དུ་མ་ལུས་པ་བྱེད་དགོས་པ་དང་། ཁྱིམ་ཚང་ཉམ་ཆུང་རྣམས་ལ་ལྟ་སྐྱོང་ལེགས་པོ་གནང་དགོས་པ་ས་གནས་ཀྱི་གནད་ཡོད་མི་སྣ་དང་། གཞིས་མི་ཚང་མའི་ལས་འགན་ཡིན་པའི་གསུང་བཤད་ནན་འདྲོངས་གནང་རྗེས། མང་ཚོགས་ལ་དྲི་བ་དང་དྲིས་ལན་གྱི་གོ་སྐབས་ཕུལ་གནང་བ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་དཔའ་ལྡན་ནང་སྲིད་བཀའ་བློན་མཆོག་ཨོ་གཞིས་སུ་འཚམས་གཟིགས་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུའི་གསུངས་བཤད་གནང་སྟེ་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་སུ་མཛད་འཆར་ལེགས་གྲུབ་ཀྱིས་མན་སྤར་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད་པ་བཅས།།

Original Article