དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་པ་རག་ཏུ་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་མོལ་གནང་བ།

2 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་པ་རག་ཏུ་ཚོགས་བཞིན་པའི་ ༢༠༠༠ ཞི་བདེའི་གླེང་སྟེགས་ཀྱི་ཉིན་གསུམ་པར་གྲོས་ཚོགས་འཐུས་མི་དང་། ཕྱི་འབྲེལ་མི་སྣ། གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་བཅས་དང་ལྷན་མཇལ་མོལ་བཅས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་ཁང་ཆེ་ཤོས་གྲས་སེཛ་ནམ་ (Seznam Zprávy) གྱི་གསར་འགོད་པ་ཌེ་ནི་ཡེ་ལ་ཀུ་ཅེ་རོ་ཝ་ (Daniela Kučerová) ལགས་ཀྱི་བཅར་འདྲི་ལེ་ཚན་ཐོག་ཕེབས་ཞུགས་གནང་བ་དང་། དེ་རྗེས་པ་རག་ Prague Congress Centre བསྟི་གནས་ཁང་དུ་མོ་ཛེམ་སྦིག་རྒྱལ་ཡོངས་འགོག་ཤུགས་ཀྱི་འགོ་ཁྲིད་གཞོན་པ་ཨི་ཝོན་སོ་རེ་སི་ (Ivone Soares) ལགས་དང་། མོ་ཛེམ་སྦིག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་བཅས་དང་གྲོས་མོལ་གནང་ཡོད།དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་ཕྱི་འབྲེལ་ལས་དོན་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཌེ་ནི་ཡལ་སི་ཊེ་ཅི་ (Daniel Štech) ལགས་དང་ལྷན་བོད་མིའི་ཆོས་དད་རང་དབང་ཐོག་འཛམ་གླིང་མཉམ་ལས་ཀྱི་འབད་བརྩོན་དང་འབྲེལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེར་འགྲོ་བཞིན་པའི་སྐོར་གསལ་སྟོན་དང་སྦྲགས། ཚོགས་མི་ ༣༨ ལས་གྲུབ་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཡང་ན་ཡིད་ཆེས་མཐུན་ཚོགས་ (International Religious Freedom or Belief Alliance) དང་། ཡུ་རོབ་མཐུན་ཚོགས་ཀྱི་མཉམ་འབྲེལ་བསྒྲགས་གཏམ་བཏོན་གནང་བ་བཅས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བདག་དབང་དེ་བོད་མིར་ཡོད་པ་དང་། རྒྱ་ནག་གི་དེར་ཐེ་བྱུས་བྱེད་པར་ངོ་རྒོལ་མཚོན་གྱི་ཡོད་པ་འགྲེལ་བརྗོད་གནང་།

དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཞེས་པའི་ཁྲིམས་ཡིག་ལ་ཁ་གཡར་ཏེ་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་སོགས་ཀྱི་ནང་བོད་པའི་ཕྲུ་གུ་བཅུག་པ་དང་། བོད་ཀྱི་སྐད་ཡིག་ལ་དམ་དྲག དེ་བཞིན་བརྡ་འཕྲིན་བྱ་ར་ཤུགས་ཆེར་གཏོང་བཞིན་པའི་ཐོག་སེམས་འཚབ་བསྟན་ཡོད། དེ་ནས་ཁོང་གིས་བཙན་བྱོལ་བོད་མིའི་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མིའི་རུབ་སྡོད་སྤྱི་ཚོགས་ཁག་རྒྱུན་གནས་ཐུབ་ཐབས་དང་། བོད་དོན་ཐབས་རྩོད་ཆེད་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བརྒྱུད་ནས་བོད་པའི་གཞོན་སྐྱེས་རྣམས་མཉམ་ཞུགས་བྱ་རྒྱུར་བློ་སྤོབས་སྤེལ་ཐབས་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།ཉིན་གུང་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱ་གར་ནང་གི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཟུར་པ་ལྕམ་ཨེ་ལི་སི་ཀ་ཛི་གོ་ཝ་ (Eliška Žigová) ལགས་དང་ལྷན་ཉིན་གུང་གསོལ་ཚིགས་ཐོག་ཞུགས་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་། མང་ཚོགས་ལ་མཇལ་ཁ། དེ་བཞིན་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཕེབས་ཏེ་མགོན་པོ་མཆོག་གི་མཇལ་ཁ་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་སུ་སྐོར་སྐྱོད་གནང་བ་བཅས་ཀྱི་སྐོར་བཀའ་མོལ་གནང་ཡོད།

གཞན་ཡང་བོད་པའི་གཞོན་སྐྱེས་ཚོགས་པ་ཁག་གིས་རྒྱལ་སྤྱིའི་ཚོགས་པ་ཁག་གི་གླེང་སྟེགས་སྐབས་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་དང་། རྒྱ་ནག་གིས་བཙན་བྱོལ་སྤྱི་ཚོགས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་ལྟ་ཞིབ་བྱེད་པའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོར་བོད་ཀྱི་མཛའ་འབྲེལ་ཚོགས་པའི་ནང་མཉམ་ཞུགས་གནང་རྒྱུའི་སྐུལ་མ་གནང་དགོས་པའི་གལ་གནད་བཅས་ཀྱི་སྐོར་ལ་གླེང་སློང་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྕམ་ཨེ་ལི་སི་ཀ་མཆོག་ལྡི་ལིར་ཕྱག་ལས་གནང་རིང་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་ལྷན་འབྲེལ་ལམ་དང་རྒྱབ་སྐྱོར་མུ་མཐུད་གནང་བའི་རེ་སྐུལ་ཞུས་གནང་ཡོད།དེ་རྗེས་ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་པ་རག་ Wallenstein Palace དུ་ཡོད་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་ཕེབས་ཏེ་ཅེཀ་གྲོས་ཚོགས་འཐུས་མི་རྣམས་དང་ལྷན་ཚོགས་འདུ་ཞིག་ཚོགས་ཡོད། སྐབས་དེར་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཡི་རི་ཨོ་སྦར་ཕལ་ཛར་ (Jiří Oberfalzer) མཆོག་དང་། གྲོས་ཚོགས་གོང་མའི་ཤེས་ཡོན་དང་། ཚན་རིག རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་། ཞུ་སྙན་ལྷན་ཚོགས་ཀྱི་འགན་འཛིན་གྲོས་ཚོགས་གོང་མའི་འཐུས་མི་ཡི་རི་རུ་ཛི་ཀ་ (Jiří Růžička) ལགས་དང་། ལྷན་ཚོགས་ཀྱི་ཚོགས་མི་གྲོས་ཚོགས་གོང་མའི་འཐུས་མི་པི་རེམ་སིལ་ར་སྦ་སི་ (Přemysl Rabas) ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་སྦྲེ་ཊི་སི་ལབ་རི་ཆི་ལིག་ (Břetislav Rychlík) ལགས། འགྲོ་བ་མིའི་ཐོབ་ཐང་དང་ཞུ་སྙན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཧ་ཡ་ཏོ་ཨོ་ཀ་མུ་ར་ (Hayato Okamura) ལགས། དེ་བཞིན་ལྕམ་ཇ་ན་ནོ་ཝོཊ་ན་ (Jana Navrátilová) ལགས་བཅས་ཕེབས་ཞུགས་གནང་ཡོད།

ཚོགས་འདུའི་རིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེཀ་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དེ་འབྱུང་འགྱུར་གྲོས་ཚོགས་ཀྱི་བཙན་དབང་ངལ་རྩོལ་གྱི་གྲོས་ཆོད་ནང་འགོད་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེའི་ནང་བཙོན་ཁང་དུ་བཙན་དབང་གིས་ངལ་རྩོལ་བཀོལ་སྤྱོད་དང་། རྒྱལ་ཁབ་ཀྱིས་མཐུན་འགྱུར་བྱས་པའི་གནས་སྤོ་ལས་འཆར་བཅས་ཀྱི་དཔང་རྟགས་དང་བཅས་པར་གསལ་སྟོན་གནང་བ་དེར་ཅེཀ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱབ་སྐྱོར་བསྐྱར་ནན་གནང་བ་དང་ཆབས་ཅིག ལོ་རྗེས་མར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། སིམ་ཡལ་གྱི་ལས་འགུལ། རྒྱལ་མཚམས་ལས་བརྒལ་བའི་བྱེད་སྒོ་བཅས་ཀྱི་སྐོར་ལ་དངོས་སུ་མྱོང་མཁན་གྱི་དཔང་པོ་རྣམས་གདན་འདྲེན་ཞུས་པའི་གསན་ཞིབ་ལ་དམིགས་བསལ་དོ་སྣང་ཆེན་པོ་བསྟན་ཡོད།དེ་བཞིན་ཚོགས་འདུའི་ཐོག་སྐུ་ཞབས་ཝ་ཀེ་ལེབ་ཧ་ཝེལ་མཆོག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཉིས་དབར་གྱི་ལོ་རྒྱུས་རང་བཞིན་གྱི་མཛའ་འབྲེལ་དང་། རྒྱ་ཆེའི་ས་ཁམས་ཆབ་སྲིད་ཀྱི་གནས་བབ་ཐོག་གླེང་སློང་གནང་ཞིང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱིས་འཛམ་གླིང་གི་དབུ་ཁྲིད་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་ལ་རྒྱབ་སྐྱོར་གནང་བའི་རེ་སྐུལ་དང་། རྒྱ་ནག་གི་ནང་ཁུལ་དཔལ་འབྱོར་གྱི་དཀའ་ངལ། ནང་ཁུལ་དམག་དོན་སྒྲིག་འཛུགས་བསྐྱར་སྒྲིག་བྱེད་བཞིན་པ། དེ་བཞིན་རྒྱལ་སྤྱིའི་ཐོག་དྲྭ་རྒྱའི་ལྟ་ཞིབ་འཕྲུལ་རིག་ཁྱབ་གདལ་འགྲོ་བཞིན་པའི་གནས་ཚུལ་བཅས་ཀྱི་སྐོར་གྲོས་བསྡུར་གནང་།

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་འགན་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་རྣམ་གཉིས་ལྷན་བཅར་ཞུས་ཡོད་པ་བཅས།།

 

 

 

 

 

 

 

Original Article