ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

3 hours ago

བོད་ཀྱི་གཏམ་བརྗོད་ཚན་པས་འདས་པའི་ལོ་གསུམ་རིང་ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་འཁྲབ་སྦྱོང་བྱས་ཏེ་མི་འགྱང་བར་མང་ཚོགས་ལ་དངོས་སུ་གཟིགས་འབུལ་ཞུ་རྒྱུ་རེད།

དེ་རིང་བོད་ཀྱི་གཏམ་བརྗོད་ཚན་པས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཕ་ཡུལ་ཞེས་པའི་གཏམ་བརྗོད་འཁྲབ་སྟོན་གྱི་སྦྱོང་བརྡར་དང་གྲ་སྒྲིག་སོགས་འཐུས་ཚང་བྱུང་སྟེ། ཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་ཕ་ཡུལ་གྱི་གཟིགས་ཕུད་ཞུ་རྒྱུ་དང་། ཕྱི་ཚེས་ ༡༠ ཉིན་ནས་དངོས་སུ་མང་ཚོགས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་སྤེལ་སོང་།

བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས། ང་ཚོ་བོད་པའི་འཁྲབ་སྟོན་པ་ཚོས་བོད་སྐད་རྐྱང་བའི་ལམ་ནས་འཁྲབ་སྟོན་བྱས་ཏེ། དེང་རབས་ཀྱི་འཁྲབ་གཞུང་གི་ཁོར་ཡུག་ནང་རང་གི་ཕ་སྐད་གཏིང་ཟབ་ངང་འཇུག་ཐུབ་པ་དང་། དེ་དང་མཉམ་དུ་བོད་ཀྱི་སྐད་ཡིག་ལ་ད་ལྟ་འཕྲད་བཞིན་པའི་བཙན་བསྒྱུར་དང་རིག་གཞུང་ཉམས་ཉེས་ཀྱི་ཉེན་ཁའི་གནད་འགག་དེ་གསལ་བོར་མཚོན་ཐུབ་ཀྱི་ཡོད་ཅེས་བརྗོད་བྱུང་ལ། ཕ་ཡུལ་ཞེས་པའི་གཏམ་བརྗོད་ཆ་ཚང་བོད་སྐད་ཐོག་འཁྲབ་སྟོན་ཞུས་ཏེ། སྐད་ཡིག་གཞན་ཐོག་ཡིག་བསྒྱུར་གྱི་འགྲེལ་བརྗོད་བྱ་རྒྱུ་ཡིན་འདུག

ཕ་ཡུལ་ཞེས་པའི་གཏམ་བརྗོད་དེ་ཕྱི་ལོ་ ༢༠༢༣ ལོ་ནས་མགོ་བརྩམས་ཞིང་། འདས་པའི་ལོ་གསུམ་རིང་འཁྲབ་ཁྲིད་པས་འཁྲབ་གཞུང་དང་འཁྲབ་སྟོན་མི་སྣ་འཚོལ་སྒྲུག དེ་བཞིན་འཁྲབ་གཞུང་སྦྱོང་བརྡར་དང་དཔལ་འབྱོར་གྱི་རྒྱབ་རྟེན་སོགས་འཚོལ་སྡུད་བགྱིས་ཏེ། ད་ལྟ་དངོས་སུ་ལེགས་འགྲུབ་བྱུང་བ་དང་། གཏམ་བརྗོད་དེའི་འཁྲབ་ཁྲིད་པ་ལྷག་པ་ཚེ་རིང་ལགས་དང་འཇར་མན་གྱི་ཧེ་རེལྜ་ཧྥོ་མན་ལགས་གཉིས་ཡིན་ཞིང་། འཁྲབ་གཞུང་རྩོམ་པ་པོ་རྒྱ་གར་བ་ཨ་བྷི་ཤེག་མཱ་ཇུམ་དྷར་ལགས། དེ་བཞིན་བོད་པའི་འཁྲབ་སྟོན་པ་བཅུ་དང་ལས་བྱེད་གསུམ། དང་བླངས་ལྔ་བཅས་ལས་གྲུབ་འདུག་ལ། འདི་ལོ་ནས་གཏམ་བརྗོད་འཁྲབ་སྟོན་དངོས་སུ་མགོ་བཙུགས་ཏེ། རྒྱ་གར་དང་ཡུ་རོབ་སོགས་རྒྱལ་སྤྱིའི་གཏམ་བརྗོད་འཁྲབ་སྟོན་གྱི་དུས་སྟོན་མང་པོར་མཉམ་ཞུགས་བྱ་འཆར་ཡོད་པའི་ཁྲོད། རྒྱ་གར་གྱི་གཏམ་བརྗོད་དུས་སྟོན་ཆེ་བ་ (Prithivi Theatre Festival) དང་། ལོ་རྗེས་མར་འཇར་མན་གྱི་གཏམ་བརྗོད་དུས་སྟོན་ (Ruhrfestspiele Recklinghausen)། དེ་བཞིན། སུད་སིའི་ཝིན་ཊར་ཐུར་དུས་སྟོན་སོགས་སུ་འདེམས་སྒྲུག་བྱས་ཟིན་ཞིང་། འཇར་མན་དང་སུད་སིའི་གྲོང་ཁྱེར་གཞན་ཁག དེ་བཞིན་སྦེལ་ཇམ་དང་ཧྥ་རན་སི་སོགས་སུ་གཟིགས་འབུལ་ཞུ་འཆར་འདུག

ཕ་ཡུལ་ཞེས་པའི་གཏམ་བརྗོད་དེ་ནི་ཕྱི་ལོ་ ༢༠༢༢ ལོར་བོད་ཀྱི་གཏམ་བརྗོད་ཚན་པས་འཁྲབ་སྟོན་བྱས་པའི་གཏམ་བརྗོད་པཱ་ལགས་ཀྱི་སྟོད་ཆ་ཡིན་ཞིང་། ཕ་ཡུལ་ནི་འདས་ཟིན་པའི་བོད་ཀྱི་སྐྱོ་གདུང་དང་ད་ལྟའི་འཛམ་གླིང་ནང་གི་དམག་འཁྲུག་དང་བཙན་དབང་གི་དཀའ་སྡུག་གཉིས་དབར་འབྲེལ་འཇོག་བྱས་ཏེ། བོད་ཀྱི་གནས་ཚུལ་ནི་སྒེར་གྱི་ལོ་རྒྱུས་ཙམ་མིན་པར། ད་ལྟའི་མི་རབས་ཚོས་སྤྱི་ཡོངས་ནས་རང་ཉིད་ཀྱི་མ་འོངས་པའི་གདམ་ག་ཇི་ལྟར་བྱེད་དགོས་པའི་སྒེར་དབང་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཡིན། ཕ་ཡུལ་ནི་ཕྱི་ལོ་ ༡༩༥༠ ནས་བཟུང་རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཤར་ཕྱོགས་ནས་བཙན་འཛུལ་བྱས་པར་བོད་མི་ཚོས་ཞི་དྲག་གཉིས་ཀྱི་ངོ་རྒོལ་འཐབ་འཛིང་ཇི་ལྟར་བྱས་མིན་དང་། མཐར་བོད་དེ་རྒྱ་ལག་ཏུ་ཇི་ལྟར་ཤོར་མིན་སོགས་ཀྱི་དངོས་བྱུང་ལོ་རྒྱུས་གཞིར་བཞག་ཐོག་བྲིས་པ་ཞིག་དང་། ལྷག་པར་དུ་གཏམ་བརྗོད་ནང་གི་མི་སྣ་ཁ་ཤས་ཀྱི་ལོ་རྒྱུས་དེ་སྲིད་དོན་བྱུང་རབས་ཤིག་ཏུ་མི་བལྟ་བར་རང་གི་ཕ་ཡུལ་བཙན་འོག་ཏུ་ཚུད་པའི་མི་དམངས་དཀྱུས་མ་ཚོས་མྱངས་པའི་དངོས་མཐོང་དང་། གདམ་ག སྙིང་སྟོབས། དཀའ་སྡུག་བཅས་ཀྱི་ལོ་རྒྱུས་གཙོ་བཟུང་བྱས་ཡོད་པ་མ་ཟད། གཏམ་བརྗོད་ནང་དགོན་པའི་གྲྭ་པ་དང་འབྲོག་པའི་ཁྱིམ་ཚང་། དཔའ་བོ་ཁྱིམ་ཚང་སོགས་ཀྱི་མི་ཚེ་དང་ཉམས་མྱོང་ཡང་ཚུད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད། appeared first on བོད་ཀྱི་དུས་བབ།.

Original Article