བཙན་བྱོལ་སྤྱི་ཚོགས་ནང་བཙན་གཡེམ་དང་རྩུབ་སྤྱོད་འགོག་ཐབས་ཀྱི་ལས་འགུལ།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བུད་མེད་དང་ལོ་ན་མ་སོན་པའི་བུ་མོ་སོགས་ལ་བཙན་གཡེམ་དང་རྩུབ་སྤྱོད། མཐོང་ཆུང་ཁྱད་གསོད་བཅས་ཀྱི་གནོད་འཚེ་འགོག་ཐབས་ཀྱི་ལས་འགུལ་ཞིག དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་དབུ་འཛུགས་གནང་སོང་།
དེ་ཡང་རྒྱལ་སྤྱིའི་བུད་མེད་དང་བུ་མོར་འཚེ་བ་སྤོང་བའི་ཉིན་མོ་སྟེ་ཕྱི་ཚེས་ ༢༥ ནས། ཕྱི་ཟླ་ ༡༢ ཚེས་ ༡༠ འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་ཉིན་གྲངས་ ༡༦ རིང་སྤེལ་བཞིན་པའི་ཕོ་མོའི་དབྱེ་འབྱེད་ལ་བརྟེན་པའི་འཚེ་བར་ངོ་རྒོལ་བྱེད་པའི་ལས་འགུལ་དང་སྟབས་བསྟུན་ནས། བོད་ཀྱི་བུད་མེད་རོགས་འབོད་འབྲེལ་ལམ་དང་བོད་ཀྱི་བུད་མེད་ལྷན་ཚོགས། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་བཅས་ཐུན་མོང་གིས། མེག་ལོཌ་གྷན་ཇིའི་ཁྲོམ་དཀྱིལ་དུ་ཕོ་མོ་དབྱེ་འབྱེད་ལ་བརྟེན་པའི་འཚེ་བ་འགོག་ཐབས་ཀྱི་ལས་འགུལ་སྤེལ་གནང་སོང་ལ། དེ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བུད་མེད་ནུས་སྟོབས་ཚན་པས་ཀྱང་དེ་རིང་གི་ཉིན་མོ་སྲུང་བརྩི་ཞུས་པ་དང་། དཔལ་འབྱོར་བཀའ་བློན་མཆོག་ནས་ཀྱང་ཉིན་མོ་དང་འབྲེལ་བའི་གསུང་འཕྲིན་བསྩལ་འདུག །





