བོད་མི་གསུམ་ལ་ཕྱི་ལོ་ ༢༠༢༦ ལོའི་ལྷག་དཀར་གཟེངས་རྟགས་ཐོབ།

8 hours ago

བོད་མིའི་སྤྱི་ཚོགས་སུ་ཞབས་འདེགས་སྒྲུབ་མཁན་གྱི་ཚོགས་སྡེ་ཁག་དང་མི་སྒེར་གྱི་སྙིང་སྟོབས་དང་། ལྷག་བསམ་སོགས་ལ་ཆེ་བསྟོད་མཚོན་ཕྱི་ལོ་ ༢༠༢༦ ལོའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྷག་དཀར་གཟེངས་རྟགས་དེ་བོད་མི་གསུམ་ལ་ཐོབ་པ་ཡོངས་བསྒྲགས་བྱས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། བོད་ཀྱི་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་སུ་ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་གྱི་ལས་འགུལ་བའི་ལྷག་དཀར་གཟེངས་རྟགས་དང་། བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་སུ་བྱས་རྗེས་ཅན་གྱི་ལྷག་དཀར་གཟེངས་རྟགས།  བོད་དོན་ལས་འགུལ་བ་མགོན་པོ་སྐྱིད་ལགས་སུ་སྙིང་སྟོབས་ཀྱི་ལྷག་དཀར་གཟེངས་རྟགས་བཅས་ཐོབ་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས། རང་བཙན་བློ་དགའ་ལགས་དང་འཇམ་དབྱངས་ནོར་བུ་ལགས། མགོན་པོ་སྐྱིད་ལགས་བཅས་ཀྱིས་སྙིང་སྟོབས་དང་། བློས་གཏོང་གིས་བོད་ཀྱི་རང་དབང་འཐབ་རྩོད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ལ། ལྷག་པར་དུ་ཁོང་ཚོའི་འཐབ་རྩོད་ལས་འགུལ་གྱིས་ང་ཚོར་འཐབ་རྩོད་རྣམ་པ་འདྲ་མིན་གྱི་ཐོག་ནས་བྱེད་དགོས་པར་དྲན་སྐུལ་བྱེད་བཞིན་ཡོད། ཅེས་བརྗོད་འདུག

རང་བཙན་བློ་དགའ་ལགས་ཀྱི་དངོས་མིང་ལ་བློ་བཟང་དཔལ་ལྡན་ཟེར་ཞིང་། བོད་མདོ་ཁམས་ཏྲེ་ཧོར་རྫ་ཁོག་ཀྱི་གད་ཁ་ཚང་གི་ཁྱིམ་རྒྱུད་ཀྱི་ཕ་བདོས་དགའ་དང་མ་རྡོ་རྗེ་ལྷ་མོ་གཉིས་ཀྱི་བུར་སྐྱེས། གད་ཁའི་བཀྲ་ལོས་གཙོས་པའི་ཁོང་གི་ཁྱིམ་རྒྱུད་ཀྱི་མིང་སྲིང་གསུམ་ཡང་རྒྱ་ནག་དམར་པོའི་བཙོན་ཁང་དུ་སྐུ་སྲོག་ཤོར། ཕྱི་ལོ་ ༡༩༩༢ ལོར་འཕགས་ཡུལ་རྒྱ་གར་དུ་འབྱོར་རྗེས། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་མི་ལོ་བཅུ་གསུམ་ཙམ་གྱི་རིང་ལ་གཞུང་ཆེན་སློབ་གཉེར་གནང་བ་དང་། ཕྱི་ལོ་ ༢༠༠༦ ལོར་ཨ་རིར་ཕེབས་ཏེ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བཅས་ཀྱི་ཐུགས་འགན་བཞེས། ཁོང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་སྐབས་ཏེ། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་ཨ་རིའི་ནེའུ་ཡོག་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་ཕྱིན་ཡོད། རང་བཙན་བློ་དགའ་ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་དང་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པའི་གནས་ཚུལ་དྲིལ་བསྒྲགས་བྱས་པར་ངོས་འཛིན་དང་ཆེ་བསྟོད་མཚོན་སླད་དུ་འདི་ལོའི་ལྷག་དཀར་གཟེངས་རྟགས་ཐོབ་འདུག

བོད་དོན་ལས་འགུལ་བ་མགོན་པོ་སྐྱིད་ལགས་ཀྱིས། ཕྱི་ལོ་ ༢༠༡༠ ལོར་རང་ཉིད་ཀྱི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་བཅད་པར་ལོ་མང་རིང་རྒྱ་ནག་གི་མགོ་ཁྲིད་དང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་རྣམས་ལ་ལྷ་ས་གྲོང་ཁྱེར་གྱི་མི་དམངས་ཆེས་མཐོའི་ཁྲིམས་ཁང་གི་མདུན་དུ་རྣམ་པ་འདྲ་མིན་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད། རྒྱ་གཞུང་ཉེན་རྟོག་པས་ཁོང་མོ་འཛིན་བཟུང་བཀག་ཉར་དང་གཅར་རྡུང་བྱས་ཏེ། རྐང་ཚིགས་དང་ལག་པ་བཅག་པ། སྒལ་ཚིགས་ལ་གནོད་སྐྱོན་བཟོས་པ། ད་དུང་ཁོག་ཏུ་ཁྲག་ནག་བླུགས་པ་སོགས་བྱས་ཀྱང་། ཁོང་གི་སྙིང་སྟོབས་ཞུམ་པ་མེད་པར་མུ་མཐུད་དྲང་བདེན་གྱི་འཐབ་རྩོད་བྱེད་མུས་ཡིན་པར་ངོས་འཛིན་བྱས་འདུག

འཇམ་དབྱངས་ནོར་བུ་ལགས་ནི་བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་ཆུང་དུས་ནས་བལ་ཡུལ་དུ་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་ནང་ཞུགས། རྗེས་སུ་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་གཞོན་དང་རང་བཙན་དུས་དེབ་ཀྱི་རྩོམ་སྒྲིག་པ་གནང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཐོག་མར་གྱུར་བ་ནས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། བོད་མིའི་འཐབ་རྩོད་ཀྱི་ལོ་རྒྱུས་སོགས་ཉར་ཚགས་བྱེད་པའི་ལས་ཀ་བྱས། ཁོང་གིས་ད་སྔ་བར་བོད་དུ་བྱུང་བའི་དམག་འཁྲུག་དང་ཞི་བདེ། གསར་བརྗེ་མཚམས་འཇོག་མ་བྱེད། འབྲུག་གི་སོ་ཉོ་བ། གྲུབ་ནག་འོག་གི་བོད། བོད་ཀྱི་དཔའ་བོ་སོགས་དཔེ་དེབ་དང་དཔྱད་རྩོམ་མང་པོ་སྤེལ་ཏེ་མི་ཚེ་ཧྲིལ་པོ་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་བཏང་བར་ཆེ་བསྟོད་མཚོན་བྱེད་དུ་ལྷག་དཀར་གཟེངས་རྟགས་ཐོབ་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྷག་དཀར་གཟེངས་རྟགས་དེ། བོད་མིའི་སྤྱི་ཚོགས་སུ་ཞབས་འདེགས་སྒྲུབ་མཁན་གྱི་ཚོགས་སྡེ་ཁག་དང་མི་སྒེར་གྱི་སྙིང་སྟོབས་དང་། ལྷག་བསམ་སོགས་ལ་ཆེ་བསྟོད་མཚོན་སླད་འབུལ་བཞིན་ཡོད་ཅིང་། ཕྱི་ལོ་ ༢༠༢༥ ལོའི་ལྷག་དཀར་གཟེངས་རྟགས་དེ། རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་དང་། ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དབྱངས་ཅན་ལགས། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཨན་ནཱ་ (Anna Kwok) ལགས་བཅས་སུ་ཕུལ་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post བོད་མི་གསུམ་ལ་ཕྱི་ལོ་ ༢༠༢༦ ལོའི་ལྷག་དཀར་གཟེངས་རྟགས་ཐོབ། appeared first on བོད་ཀྱི་དུས་བབ།.

Original Article