༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༡༩ ཉིན་དྷ་སའི་ཉེ་འགྲམ་དུ་ཆགས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་གོ་སྒྲིག་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་འདེམས་རྣམས་ཀྱི་ཟབ་སྦྱོང་དེ་བཞིན་མཇུག་སྒྲིལ་ཡོད།
དེ་ཡང་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་སྲི་ཞུའི་ལས་བྱེད་གསར་འདེམས་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། ལས་དོན་བྱེད་ཕྱོགས། འགན་འཁུར་བཅས་ཀྱི་ཐོག་གཞི་རྩའི་གོ་རྟོགས་བསྐྲུན་རྒྱུ་དེ་ཡིན་པ་མ་ཟད། ཚོགས་བཅར་བ་རྣམས་ལ་སོ་སོའི་ལས་འགན་དང་འགན་འཁྲི་ལ་རྒྱུས་མངའ་ཡོང་བ་དང་། ཕྱིས་སུ་སྲི་ཞུའི་ལས་བྱེད་རྣམས་ལས་བཀོད་ཟིན་རྗེས་སོ་སོའི་ལས་དོན་རྣམས་ནུས་པ་ལྡན་པའི་སྒོ་ནས་སྒྲུབ་ཐུབ་པའི་ཤེས་བྱ་དང་རྩལ་སོགས་གོང་འཕེལ་གཏོང་རྒྱུ་དེ་ཡིན། སྐབས་དེར་ཚོགས་བཅར་བ་བུད་མེད་བརྒྱད་དང་སྐྱེས་པ་ལྔ་བཅས་ཁྱོན་བསྡོམས་མི་གྲངས་བཅུ་གསུམ་མཉམ་ཞུགས་གནང་ཡོད།ཟབ་སྦྱོང་ཐོག་ཚོགས་བཅར་བ་རྣམས་ལ་ཕྱི་དངུལ་ལན་བེད་ཕྱོགས་པའི་ཁྲིམས་སྒྲིག་ངོ་སྤྲོད་དང་། རྩིས་ཀྱི་གཞི་རིམ་འགྲོ་ལུགས། སཱི་ཤེས་ཡོན། གཞུང་འབྲེལ་ཡིག་བཟོ། བརྡ་སྤྲོད། ལོ་རྒྱུས། དེ་བཞིན་ཆེད་ལས་ཀྱི་འགན་འཁུར་དང་འབྲེལ་བའི་སློབ་ཚན་མང་དག་ཅིག་གི་ཐོག་ཟབ་ཁྲིད་གནང་ཡོད།
དེ་བཞིན་ཟབ་སྦྱོང་གི་ལས་རིམ་ཆ་ཤས་སུ་ཚོགས་བཅར་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། སྦིར་དང་ཅོན་ཏ་ར་ས་གནས་སུ་སྐོར་སྐྱོད་ཀྱིས་ལྷན་ཁང་ཁག་དང་ས་གནས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད།
ཟབ་སྦྱོང་གི་ཁྱད་སྟོན་མི་སྣ་ཕལ་ཆེ་བ་ནི་ཟབ་ཁྲིད་པའི་ཟབ་སྦྱོང་བཞེས་མཁན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྒན་པ་རྣམས་ཡིན་པ་དང་། ཟབ་སྦྱོང་རིང་ཚོགས་བཅར་བ་རྣམས་ལ་གོ་རྟོགས་གཏིང་ཟབ་ཐོབ་སླད་སྦྱོང་རྩལ་དང་། སྡེ་ཚན་ཆ་བགོས་ཀྱིས་བགྲོ་གླེང་། དེ་བཞིན་བྱེད་སྒོ་སྣ་མིན་བརྒྱུད་སློབ་ཁྲིད་གནང་ཡོད།ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་དང་། དྲུང་ཆེ་བསྟན་འཛིན་ལེགས་གྲུབ་ལགས། འདེམས་བསྐོ་ལྷན་ཁང་གི་ལས་བྱེད་བཅས་ཕེབས་ཞུགས་གནང་ཡོད་པ་དང་། སྐབས་དེར་འདེམས་ལྷན་ཚོགས་གཙོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ལག་འཁྱེར་ཕུལ་བ་མ་ཟད། ཚོགས་བཅར་བ་རྣམས་ནས་རིམ་བཞིན་སོ་སོའི་ཉམས་མྱོང་མཉམ་སྤྱོད་གནང་ཡོད།
དེ་ནས་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་གསར་འདེམས་བྱུང་བའི་སྲི་ཞུའི་ལས་བྱེད་རྣམས་ལ་འཚམས་འདྲི་དང་སྦྲགས། སྲི་ཞུའི་ལས་བྱེད་རྣམས་ནས་ལྷག་བསམ་རྣམ་དག་གིས་ལོ་མང་རིང་སྲི་ཞུའི་ལས་བྱེད་གནང་བའི་རེ་བ་ཡོད་སྐོར་དང་། དེ་བཞིན་ཟབ་སྦྱོང་དེ་ཉིད་ལེགས་གྲུབ་བྱུང་བར་གོ་སྒྲིག་ཞུ་མཁན་ཡོངས་ལ་ཡི་རང་བསྔགས་བརྗོད་གནང་ཡོད།ཕྱོགས་མཚུངས་ཁོང་གིས་སྲི་ཞུ་བའི་ལས་བྱེད་རྣམས་ལས་བཀོད་གང་བར་གནང་ཡང་དེར་ཕྱག་ལས་གནང་དགོས་པ་དང་། སོ་སོའི་ལས་འགན་རྣམས་དྲང་བདེན་དང་། ལྷག་བསམ་རྣམ་དག འགན་འཁུར་ཤུགས་ཆེ་ལྡན་པའི་ཐོག་སྒྲུབ་དགོས་པའི་ལམ་སྟོན་གནང་བ་མ་ཟད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ཏེ་ཞབས་ཞུའི་རིང་ཚང་མས་ལྷག་བསམ་ཧུར་བསྐྱེད་ཀྱིས་ཞབས་འདེགས་སྒྲུབ་དགོས་པ་གསུངས།
ཁོང་གིས་བོད་ཀྱི་སྐད་དང་རིག་གཞུང་གི་གལ་གནད་སྐོར་ནན་བརྗོད་གནང་སྟེ། ཚོགས་བཅར་རྣམས་ནས་རྒན་པ་རྣམས་ལ་གུས་ཞབས་དང་དགོས་གལ་ནམ་བྱུང་ལ་རྒན་པའི་ལམ་སྟོན་ཞུས་དགོས་པའི་སློབ་གསོ་གནང་བ་མ་ཟད། དེ་བཞིན་ལས་འགན་གྱི་ཐོག་ནས་རང་ཉིད་ཀྱི་ཤེས་ཡོན་དང་། རྩལ། ནུས་པ་བཅས་གོང་མཐོར་གཏོང་དགོས་པའི་གལ་གནད་ཐོག་ནན་བརྗོད་གནང་ཡོད།
མཐར་འདེམས་བསྐོ་ལྷན་ཁང་ནས་དགོང་དྲོའི་གསོལ་ཚིགས་གོ་སྒྲིག་གིས་མཛད་སྒོ་མཇུག་སྒྲིལ་ཡོད་པ་བཅས། །





