བྱིས་པའི་ཉིན་མོར་ཤེས་རིག་བཀའ་བློན་གྱི་གསུང་འཕྲིན།

1 week ago

༄༅། །དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་ནི། རྒྱ་གར་གྱི་དབུ་ཁྲིད་དམ་པ་སྲིད་བློན་དང་པོ་པཎྜིཏ་ ཇ་ཝཱ་ཧར་ ལཱལ་ ནེཧ་རཱུ་མཆོག་གི་འཁྲུངས་སྐར་དང་བསྟུན་ནས། རྒྱ་གར་རྒྱལ་ཡོངས་སུ་སྲུང་བརྩི་ཞུ་བཞིན་པའི་བྱིས་པའི་ཉིན་མོའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན། དུས་ཆེན་ཁྱད་པར་ཅན་འདི་ལ་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་གཅེས་པའི་སློབ་ཕྲུག་རྣམས་དང༌།གཞན་ཡང་ཤར་ནུབ་ཀྱི་ཡུལ་གྲུ་ཁག་ཏུ་ཡོད་པའི་གཅེས་པའི་བོད་ཕྲུག་བྱིས་པ་རྣམས་ལའང་། ངས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་། ཤེས་རིག་བཀྲ་ཞིང་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།

ང་ཚོས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། རྒྱ་ནག་དམར་གཞུང་གིས་བཙན་འཛུལ་ལ་བརྟེན་ནས་ཕྱི་ལོ་ ༡༩༥༩ ལོར་མི་རབས་གོང་མ་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་རྒྱང་རིང་ཞིང་། བཙན་བྱོལ་བོད་མིའི་ངོ་བོ་མ་བརླགས་པའི་ཆེད་བོད་ཀྱི་ཆོས་དང་རིག་གཞུང༌། དེང་རབས་ཀྱི་ཤེས་ཡོན་བཅས་མ་འོངས་པའི་སོན་རྩ་བྱིས་པ་རྣམས་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སྤྲོད་རྒྱུའི་རླབས་ཆེན་གྱི་དགོངས་གཞི་ལ་རྒྱ་གར་གྱི་སྲིད་བློན་དམ་པ་ནེཧ་རཱུ་མཆོག་གིས་རྒྱབ་སྐྱོར་བླ་མེད་གནང་སྟེ། བོད་ཕྲུག་རྣམས་ལ་བོད་པའི་སློབ་གྲྭ་ཟུར་འཛུགས་གནང་། དེའི་བཀའ་དྲིན་ལ་བརྟེན་ནས་ང་ཚོའི་བོད་མིའི་ངོ་བོ་དང་། སྐད་ཡིག ཆོས་དང་རིག་གཞུང་བཅས་མི་ཉམས་རྒྱུན་འཛིན་བྱེད་པར་ཕན་རླབས་ཚད་མེད་བྱུང་ཡོད་པ་མ་ཟད། འདས་པའི་མི་ལོ་ ༦༠ ལྷག་གི་རིང་བོད་དོན་འཐབ་རྩོད་འདི་ཉིད་གསོན་པོར་གནས་ཐུབ་པའི་གཞི་རྩའི་སྟོབས་ཤུགས་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

དེ་བཞིན་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་གཞི་རྩའི་དམིགས་ཡུལ་ནི། སློབ་ཕྲུག་རྣམས་ལ་བསམ་བློའི་རང་དབང་དང་། གཞན་ཕན་གྱི་ལྷག་བསམ་ལྡན་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྒྱུན་འཛིན། ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་གསར་གཏོད་ཀྱི་ནུས་པ་ལྡན་ཞིང་། སྤྱོད་ཡོན་གཉིས་ལྡན་གྱི་བོད་ཕྲུག་ཅིག་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། དེ་འདྲ་སོང་ཙང་སློབ་ཕྲུག་ཚོས་ཚན་རིག་སོགས་དེང་དུས་ཀྱི་ཤེས་ཡོན་དང་། རང་གི་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དང་། བྱམས་པ། སྙིང་རྗེ། གཞན་ཕན་གྱི་བསམ་བློ་བཅས་རྒྱུད་ལ་འཇགས་པར་བྱས་ཏེ། འདབ་ཆགས་གཤོག་པ་ཟུང་ལྡན་ཞིག་ཡོང་ཐུབ་པར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

གཞིས་སུ་བཞུགས་པའི་བོད་རིགས་སྤུན་ཟླ་དང་། ཁྱེད་ཅག་དང་འདྲ་བའི་བོད་ནང་གི་ན་མཉམ་བྱིས་པ་རྣམས་ཀྱི་དཀའ་སྡུག་གི་གནས་བབ་དེ་སེམས་ལ་བཟུང་དགོས་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེནཔོ་ཡིན། རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་གྱིས་མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཅུག་སྟེ།རང་གི་ཕ་མ་དང་། སྐད་ཡིག རིག་གཞུང་། གོམས་གཤིས་བཅས་དང་ཁ་བྲལ་བཏང་ནས། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འཕྲོག་པ་མ་ཟད། བོད་མིའི་ངོ་བོ་དང་རིག་གཞུང་གི་རྨང་ནས་རྩ་མེད་གཏོང་བའི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་ཡོད། ལྷག་པར་དུ་ཉེ་ཆར་རྒྱ་ནག་གཞུང་གིས་ “མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་” ཟེར་བ་ཞིག་གཏན་འབེབས་ཀྱིས་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཏེ། བོད་མི་ཡོངས་རྫོགས་རྒྱ་མི་རིགས་སུ་བསྒྱུར་རྒྱུའི་སྲིད་བྱུས་གསར་པའི་འོག་ནས། གཞིས་ལུས་བོད་ཕྲུག་ཚོར་རང་གི་སྐད་ཡིག་དང་རིག་གཞུང་སྦྱོང་བའི་གོ་སྐབས་ཙམ་ཡང་མེད་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད།

དེར་བརྟེན། བཙན་བྱོལ་དུ་རང་དབང་ལུང་པར་འཚར་ལོངས་འབྱུང་བཞིན་པའི་རང་རིགས་སློབ་ཕྲུག་ཚོས། རང་ཉིད་ལ་ཡོད་པའི་རང་དབང་དང༌། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་རྩ་ཆེན་འདི་དག་ཆུད་ཟོས་སུ་མ་བཏང་བར། གཞིས་ལུས་བོད་མི་རྣམས་ཀྱི་དཀའ་ངལ་དང་། ཁོང་ཚོའི་རེ་བ་སེམས་ལ་བཟུང་ནས། སློབ་སྦྱོང་ལ་བརྩོན་པ་ཆེན་པོ་བསྟེན་དགོས། ཁྱེད་ཚོ་ནི་བོད་མི་རིགས་ཀྱི་མ་འོངས་པ་དང་། བོད་དོན་འཐབ་རྩོད་ཀྱི་རྒྱུན་འཛིན་པ་ཆགས་ཡོད་པས། རང་ཉིད་ཀྱི་སྤྱོད་པ་དང་ཤེས་ཡོན་གཉིས་ཀའི་ཐད་ནས་མི་རིགས་དང་སྤྱི་ཚོགས་ལ་ཕན་འདོགས་ཐུབ་མཁན་ཞིག་བྱེད་རྒྱུའི་དམ་བཅས་བརྟན་པོ་སྙིང་ལ་བཅངས་དགོས།

མཐའ་དོན། རང་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་ཕྲུག་བྱིས་པ་ཡོངས་ཀྱི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བ། བོད་དོན་བདེན་མཐའ་མྱུར་དུ་བསལ་བའི་སྨོན་འདུན་དང་བཅས། ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་གྱིས། ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༤ ཉིན།

Original Article