བོད་ནག་ཆུ་སྦྲ་ཆེན་རྫོང་ཁུལ་དུ་ས་ཡོམ་ཚབས་ཆེན་བྱུང་བའི་སྐོར།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༢ ཉིན་གྱི་དགོང་མོ་ཆུ་ཚོད་ ༡༠།༣༣ ཙམ་ལ་བོད་མདོ་ཁམས་ནག་ཆུ་ས་ཁུལ་གྱི་སྦྲ་ཆེན་རྫོང་དང་ཉེ་འཁོར་ས་ཁུལ་ཁག་ཏུ་ས་ཡོམ་གྱི་ཚད་རིམ་ ༧ བརྒྱབ་ཏེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོག་པར་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་ཕམ་དང་སྦྲགས། གོད་ཆག་ཁྲོད་ཚེ་སྲོག་ཤོར་མཁན་རྣམས་ལ་མྱ་ངན་དང་བཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་རྣམས་ནས་ས་ཡོམ་གྱི་གོད་ཆག་ཁྲོད་རྐྱེན་ལམ་དུ་སོང་བ་རྣམས་ལ་མཆོད་འབུལ་སྨོན་ལམ་དང་རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་སྐྱེད་ཡོང་སླད་ཐུགས་སྨོན་ཞུ་རྒྱུ་ཡིན།
རྒྱ་ནག་གཞུང་ནས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་གྲངས་ཐོ་ལྟར་ན། ས་ཡོམ་གྱི་གོད་ཆག་ཁྲོད་ད་བར་མི་གྲངས་ཉུང་མཐར་ ༡༦ ཚེ་སྲོག་ཤོར་བ་དང་། མི་གྲངས་ ༧༦ ལ་རྨས་སྐྱོན་ཕོག་པ། དེ་བཞིན་སྡོད་ཁང་དང་འཛུགས་སྐྲུན་དངོས་པོ་སོགས་ལ་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་སྐོར་གསལ་ཡོད་ཀྱང་། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་ཚེ་སྲོག་ཤོར་བ་དང་གནོད་སྐྱོན་ཕོག་པའི་གྲངས་འབོར་དེ་ལས་མང་བ་བྱུང་ཡོད་ཚོད་འདུག
ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་གྱི་མཚན་མོར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། སྦྲ་ཆེན་རྫོང་ཁོངས་ཀྱི་རྫ་སྲིབ་དང་། དམར་རུ། གངས་ཅན་བཅས་ས་ཁུལ་དུ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། མི་གྲངས་ཉུང་མཐར་ ༢༠ ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་འབྱོར་ཡོད། དེ་བཞིན་རྒྱ་ནག་གཞུང་གི་འབྲེལ་ཡོད་དབང་འཛིན་པས་བོད་མི་དང་བླངས་རོགས་སྐྱོར་བ་རྣམས་གནོད་སྐྱོན་ཕོག་པའི་ས་ཁུལ་ཁག་ཏུ་འགྲོ་སྐྱོད་ལ་དམ་དྲག་བྱེད་བཞིན་པའི་གནས་ཚུལ་ཡང་འབྱོར་ཡོད། ཐོག་མར་ས་ཡོམ་དེའི་རྐྱེན་པས་ཉེ་འཁོར་ལ་ཆུ་རགས་ཤིག་ཡོད་པ་དེར་ཉེན་ཁ་ཡོང་སྲིད་པ་བཤད་འདུག་ཀྱང་། རྗེས་སུ་ཉེན་ཁ་ཅུང་ཆུང་དུ་ཕྱིན་པའི་གནས་ཚུལ་བྱུང་འདུག ཞིབ་ཕྲའི་གནས་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱེད་དགོས་གལ་དང་། ས་ཡོམ་གོད་ཆག་གི་ཁྱབ་ཚད་དང་གནོད་སྐྱོན་གྱི་གནས་ཚུལ་ཆ་ཚང་ད་དུང་གསལ་པོ་ཤེས་རྟོགས་ཐུབ་མེད།
ས་ཡོམ་འདི་ཉིད་མཚན་མོ་དང་དགུན་དུས་སུ་བྱུང་བ་མ་ཟད། དེ་བཞིན་ས་ཁུལ་དེ་ཉིད་ས་ཡོམ་གྱི་ཉེན་ཁ་ཆེ་བའི་གྲས་ཤིག་ཡིན་སྟབས། མི་ཤི་རྐྱེན་ཆག་དང་གཏོར་སྐྱོན་གྱི་ཚད་གཞིའི་ཐད་སེམས་འཚབ་ཇེ་ཆེ་བྱུང་ཡོད། དགུན་དུས་སུ་འབྲོག་པ་རྣམས་ཁྱིམ་ཚང་དུ་ཕྱིར་ལོག་བྱེད་པའི་དུས་སྐབས་འདིར། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༢ ནས་ ༢༠༡༦ བར་གཞི་རྒྱ་ཆེ་བའི་གནས་སྤོའི་ལས་གཞིའི་འོག་འཛུགས་སྐྲུན་བྱེད་པའི་སྡོད་ཁང་རྣམས་ལ་ས་ཡོམ་གྱི་ཉེན་ཁ་འགོག་པའི་ནུས་པ་ཇི་ཙམ་ཡོད་མེད་ཐད་དྲི་བ་ཞིག་རང་བཞིན་ཡོང་གི་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་གཤམ་གསལ་ཛ་དྲག་གི་ཐབས་ལམ་དྲུག་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
༡། མྱུར་སྐྱོབ་དང་ངལ་སེལ་ལས་དོན་གལ་གནད་ཆེ་བར་འཛིན་དགོས། མྱུར་སྐྱོབ་འཚོལ་ཞིབ་ཀྱི་ལས་དོན་དང་། སྨན་བཅོས། ཛ་དྲག་གི་སྡོད་གནས། ཟས་གོས་གནས་མལ། དེ་བཞིན་ཉེར་མཁོའི་མཁོ་ཆས་ཁག་མྱུར་དུ་མཁོ་སྤྲོད་བྱེད་དགོས་པ་དང་། ལྷག་པར་འཁོས་ཞན་ཚོར་དམིགས་བསལ་དོ་སྣང་བྱེད་དགོས།
༢། གནས་ཚུལ་ཇི་བྱུང་ཕྱི་གསལ་ནང་གསལ་མཁོ་སྤྲོད་དགོས། ས་ཡོམ་གོད་ཆག་དང་འབྲེལ་བའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་གྱིས་དུས་ཐོག་འགྲེམས་སྤེལ་དགོས་རྒྱུ་དང་། གོད་ཆག་ཁྲོད་གནོད་སྐྱོན་ཕོག་མཁན་ཚོའི་ནང་མི་གཉེན་ཉེ་རྣམས་དང་གནས་ཚུལ་བརྗེ་ལེན་བྱེད་ཆོག་པའི་རང་དབང་སྤྲོད་དགོས་པ།
༣། བོད་ཀྱི་ཆོས་ཕྱོགས་བྱེད་སྒོ་ཁག་ལ་བརྩི་སྲུང་བྱ་རྒྱ།
འདས་གྲོངས་སུ་གྱུར་བ་རྣམས་ལ་མཆོད་འབུལ་སྨོན་ལམ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་མེད་པའི་རང་དབང་སྤྲོད་དགོས་པ།
༤། ས་གནས་མི་མང་གིས་སྣེ་ཁྲིད་པའི་རོགས་སྐྱོར་ལ་རྒྱབ་སྐྱོར། བོད་ནང་གི་བོད་མི་སྒེར་དང་། དགོན་སྡེ། སྤྱི་དམངས་ཚོགས་སྡེ། དགེ་རྩ་ཚོགས་པ་སོགས་ཀྱི་དངུལ་དངོས་རོགས་སྐྱོར་ལ་བཀག་འགོག་མི་བྱེད་པ།
༥། རྒྱལ་སྤྱིའི་རོགས་སྐྱོར་ཁག་ལ་ས་གནས་སུ་འགྲོ་ཆོག་པའི་རང་དབང་སྤྲོད་དགོས། རྒྱལ་སྤྱིའི་མི་ཆོས་རོགས་སྐྱོར་ཚོགས་པ་དང་རང་དབང་ཅན་གྱི་རྟོག་ཞིབ་པ་རྣམས་གོད་ཆག་ཕོག་ཡུལ་ས་ཁུལ་ཁག་ལ་རང་དབང་ལྡན་པའི་ཐོག་འགྲོ་འོང་བྱེད་དེ། གོད་ཆག་གི་གནས་ཚུལ་དངོས་ལ་རྒྱུན་ལོན་དང་རྟོག་ཞིབ། ངལ་སེལ་རོགས་སྐྱོར་ཁག་ཆ་སྙོམས་ཡོང་ཐབས་བྱེད་དགོས་པ།
༦། བཙན་བྱོལ་བོད་མིའི་རོགས་སྐྱོར་ཁག་ལ་དང་ལེན། བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མི། ཆོས་ཕྱོགས་ཀྱི་ཚོགས་པ་ཁག དགེ་རྩ་ཚོགས་པ་བཅས་ཀྱིས་གོད་ཆག་ཕོག་པའི་མི་མང་ལ་རོགས་སྐྱོར་བྱེད་ཐུབ་པའི་བརྒྱུད་ལམ་ཁ་གསལ་བཟོས་དགོས།
ད་ལྟའི་དཀའ་སྡུག་ཆེ་བའི་དུས་སྐབས་སུ། གོད་ཆག་ཕོག་མཁན་ཚོའི་དཀལ་ངལ་སེལ་ཐབས་སུ་རོགས་སྐྱོར་ལས་དོན་ཁག་འགོག་རྐྱེན་མེད་པར་གྲུབ་སླད་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་གཙོ་ཆེ་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་གཞུང་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ནས་རྒྱ་ནག་གཞུང་ལ་ས་ཡོམ་གྱི་གོད་ཆག་བྱུང་བའི་ས་ཁུལ་གྱི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་ཕྱིར་བསྒྲགས་དང་། ཛ་དྲག་ངལ་སེལ་རོགས་སྐྱོར་ཁག་འགོག་རྐྱེན་མེད་པར་གནང་ཐུབ་པའི་ནན་སྐུལ་བྱེད་རོགས་ཞུ་རྒྱུ་ཡིན།
བཀའ་ཤག
ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༣ ཉིན། དྷ་རམ་ས་ལ།



