རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

2 hours ago

རྒྱ་ནག་གཞུང་གིས་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཉིས་དམག་སྲིད་ཏང་གསུམ་ནས་ཕྱིར་ཕུད་བཏང་བ་དང་བསྟུན། བཅིང་གྲོལ་དམག་གིས་དམར་ཤོག་ཚོགས་པའི་བཀོད་འདོམས་འོག་དམག་འཁྲུག་རྒྱག་པར་གྲ་སྒྲིག་དགོས་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་བྱས་པའི་ཉེས་མིང་འོག རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ (zhang youxia) དང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་ (Liu Zhenli) གཉིས་རྒྱ་ནག་གི་དམག་སྲིད་ཏང་གསུམ་གྱི་སྐྱིད་སྡུག་དང་གོ་གནས་ནས་ཕྱིར་ཕུད་བྱས་པའི་གསལ་བསྒྲགས་སྤེལ་འདུག

དེ་འབྲེལ་བཅིང་གྲོལ་དམག་གིས། གཡོལ་འགེབ་བྱས་པའི་ཆབ་སྲིད་ཀྱི་ཉེན་ཁ་ཆེན་པོ་ཞིག་རྩ་མེད་བཟོས་ཡོད་ཅེས་དང་། ལམ་ལུགས་དང་འགལ་བའི་སྐྱོན་ཆ་ཚབས་ཆེན་བཟོས་པའི་མི་དེ་གཉིས་ལ་ཞིབ་བཤེར་ནན་པོ་བྱས་ཏེ་ཁྲིམས་ཆད་བཅད་པ་དེས། ཏང་དང་དམག་དཔུང་ལ་ཆབ་སྲིད་ཀྱི་ཉེན་ཁ་ཆེན་པོ་ཞིག་མེད་པར་བཟོས་ཡོད། དམག་དཔུང་གིས་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་བྱེད་པའི་དམག་འཐབ་དྲག་པོ་དང་རྒྱུན་རིང་། ཕྱོགས་ཡོངས་བཅས་ཀྱི་འཐབ་འཁྲུག་ནང་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད། ཅེས་བརྗོད་འདུག

ད་དུང་རྒྱ་ནག་མི་དམངས་བཅིང་གྲོལ་དམག་གིས། ཀྲང་ཡུ་ཤཱ་དང་ལུའུ་ཀྲིན་ལི་གཉིས་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བྱས་པ་དེས། དམག་སྲིད་ཀྱི་ཆེ་མཐོང་དང་ལྷག་བསམ་གོང་མཐོར་བཏང་སྟེ། མ་འོངས་པའི་བཅིང་གྲོལ་དམག་གི་ལས་དོན་གྱི་ཁ་ཕྱོགས་རྒྱུན་སྐྱོང་དང་ལེགས་འགྲུབ་ཡོང་བར་སྐུལ་འདེད་བཏང་ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་རྒྱ་ནག་གཞུང་གིས་ཀྲང་ཡུ་ཤཱ་དང་ལུའུ་ཀྲིན་ལི་གཉིས་ལ་སྒྲིག་འགལ་ཚབས་ཆེན་གྱི་དོགས་གཞིའི་འོག་ནས་ཞིབ་བཤེར་བྱེད་མགོ་བཙུགས་པ་དང་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་ཁོ་གཉིས་དམག་ཁོངས་ནས་ཕྱིར་ཕུད་བྱས་ཡོད་པས། ད་ཐེངས་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བྱས་སྟབས། ཀྲང་ཡུ་ཤཱ་དང་ལུའུ་ཀྲིན་ལི་གཉིས་དམག་སྲིད་ཏང་གསུམ་གྱི་གོ་གནས་དང་སྐྱིད་སྡུག་ནས་ཕྱིར་ཕུད་བཏང་བ་ཆགས་ཡོད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ནང་། ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་གྱིས་སྟག་དང་སྦྲང་མར་ལེབ་རྡུང་ཞེས་ལྐོག་ཟ་རུལ་སུངས་ཚར་གཅོད་ཀྱི་ལས་འགུལ་སྤེལ་བར་བསྔགས་བརྗོད་དང་སྦྲགས། ཆབ་སྲིད་བསམ་བློའི་ལས་དོན་དེ་ཉིན་རེའི་ལས་ཀའི་ནང་རྒྱུན་འཁྱོངས་བྱས་ཏེ། དམག་དཔུང་གིས་དུས་རྟག་ཏུ་དམར་ཤོག་ཚོགས་པའི་བཀོད་འདོམས་ལ་ཉན་པའི་འོག་ནས།  ངན་པ་རྩ་མེད་བཟོས་ཏེ་ལྐོག་ཟ་རུལ་སུངས་བྱེད་མཁན་འགེབ་ས་མེད་པར་བཟོ་དགོས་སྐོར་དང་། དམག་དཔུང་གིས་དམག་འཁྲུག་ལ་གྲ་སྒྲིག་དང་སྦྱོང་བརྡར་བྱེད་པའི་ནུས་པ་གོང་མཐོར་གཏོང་བ་དང་། ལག་རྩལ་གསར་པ་དང་དགྲ་བོ་བཅས་ཀྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོས་རྗེས་འདེད་བྱེད་དགོས་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། བཅིང་གྲོལ་དམག་གི་མགོ་ཁྲིད་ཀྲང་ཡུ་ཤཱ་དང་ལུའུ་ཀྲིན་ལི་གཉིས་ཀྱིས། རང་ཉིད་ཀྱི་གོ་གནས་ལ་བརྟེན་ནས་གཞན་གྱི་གོ་གནས་སྤར་ཏེ་དངུལ་འབོར་ཆེན་བླངས་པ། ཁྲིམས་འགལ་གྱི་སྒོ་ནས་ལག་རྟགས་དང་དངུལ་བླངས་པ། གཉེན་ཉེ་དང་ལས་བྱེད་པར་སློབ་གསོ་དང་དོ་དམ་ཡག་པོ་མ་བྱས་པའི་ཉེས་འཛུགས་བྱས་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་མི་དམངས་བཅིང་གྲོལ་དམག་གི་མགོ་ཁྲིད་མཐོ་ཤོས་ཀྱི་གྲས་ཀྲང་ཡུ་ཤཱ་དང་ལུའུ་ཀྲིན་ལི་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས་པ་དང་། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ནང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲན་ཧྥོའུ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ནང་རྒྱ་ནག་དབུས་དམག་སྲིད་ལྷན་ཁང་གི་དམག་ཇུས་ཚན་པའི་འགན་འཛིན་མེའོ་ཧྭ། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ནང་མི་དམངས་བཅིང་གྲོལ་དམག་གི་དབུས་དམག་སྤྱི་གཞོན་པ་ཧེ་ཝི་ཏུང་ (He Weidong) བཅས་ལ་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་སོགས་ཀྱི་ཉེས་མིང་འོག་ཞིབ་བཤེར་གྱིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས་ཡོད་སྟབས། རྒྱ་ནག་དབུས་དམག་དོན་ལྷན་ཁང་ལ་ཚོགས་མི་བདུན་ཡོད་པ་ལས་ད་ལྟ་དམག་སྲིད་ཏང་གསུམ་གྱི་གཙོ་འཛིན་ཞི་ཅིན་ཕིན་དང་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཀྲང་ཧྲན་མེན་གཉིས་མ་གཏོགས་ལྷག་མི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས། appeared first on བོད་ཀྱི་དུས་བབ།.

Original Article