བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ཟེར་བས་སླར་ཡང་རྡོ་རྗེ་བཀྲ་ཤིས་ལགས་སུ་ནང་མི་དང་ཁྲིམས་རྩོད་པའི་ཐུག་འཕྲད་བྱེད་དུ་བཅུག་མི་འདུག
འདི་གའི་གསར་འགོད་པར་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཟླ་མགོ་ཙམ་ལ་རྒྱ་ནག་གཞུང་གིས་བོད་ཀྱི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པ་ཝང་ཧྥེ་ལགས་སུ་དགྲ་བཞི་བཙོན་ཁང་དུ་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་གི་བཅུག་མེད་སྟབས། ད་ལྟ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་མུས་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཞིག་སྤེལ་བའི་ནང་། བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ཟེར་བས། རྡོ་རྗེ་བཀྲ་ཤིས་ལགས་སུ་རང་གི་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་བཅུག་མེད་ཁར། ཁོང་གི་གཅེན་མོ་མགོན་པོ་དང་རྡོ་རྗེ་ཚེ་བརྟན་ལ་ཐུག་གི་མ་བཅུག་ནས་ལོ་ངོ་དྲུག་འགོར་བ་དང་བཟའ་ཟླ་དང་ཕྲུ་གུར་མ་ཐུག་པར་ལོ་གཉིས་ཕྱིན་ཡོད་སྐོར་བརྗོད་འདུག་ལ། དེ་ནི་རྒྱ་ནག་གི་བཙོན་མའི་ཐོབ་ཐང་དང་བཙོན་ཁང་གི་སྒྲིག་གཞིར་འགལ་བའི་གནད་དོན་ཞིག་ཆགས་ཡོད་པ་རེད།
ཟླ་འདིའི་ཟླ་མགོར་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ཟེར་བས། བཙོན་ཁང་གི་ཁྲིམས་ཡིག་ལ་རྩིས་མེད་རྡོག་རོལ་བཏང་ནས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པ་ཝང་ཧྥེ་ལགས་སུ་ཁྲིམས་ལུགས་ཀྱི་ཐོབ་ཐང་གཞིར་བཞག་ཐོག་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་བྱེད་དུ་མ་བཅུག་པ་དང་། སྐབས་དེར་མི་དམངས་ཁྲིམས་ཁང་ཟེར་བ་དེས། ཝང་ཧྥེ་ཡིས་དེ་སྔོན་རྡོ་རྗེ་བཀྲ་ཤིས་ལ་ཐུག་སྐབས། བཙོན་ཁང་དུ་ཁོང་ལ་ཉེས་རྡུང་བཏང་བའི་གནས་ཚུལ་ནང་མིར་བཤད་སྟབས། ད་ཐེངས་ཐུག་འཕྲད་བཀག་སྡོམ་བྱས་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད་འདུག
དེའི་རྗེས་གཅེན་མོ་མགོན་པོ་སྐྱིད་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་གཉིས་དགྲ་བཞི་བཙོན་ཁང་དུ་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་བྱེད་དུ་ཕྱིན་སྐབས། བཙོན་ཁང་དོ་དམ་པས་ཁོང་ཚོས་བཙོན་ཁང་ལ་མིང་ཅན་བཟོས་པར་ཁ་གཡར་ནས་ཐུག་གི་བཅུག་མེད་པ་རེད།
འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས། ཟླ་འདིའི་ཟླ་མགོར་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་མ་བཅུག་སྟབས། གཅེན་མོ་མགོན་པོ་སྐྱིད་དང་གཞན་ཡང་གཅེན་མོ་ཞིག དེ་བཞིན་གཅེན་པོ་རྡོ་རྗེ་ཚེ་བརྟན་བཅས་ཀྱིས་བོད་རང་སྐྱོང་ལྗོངས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་འདུག ཁོང་ཚོའི་བདེ་འཇགས་ལ་ཉེན་ཁ་བྱུང་མེད་ཀྱང་། ད་ལྟ་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཁྲིམས་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་མུས་རེད། དེང་སྐབས་རྒྱ་ནག་གི་དམ་དྲག་གི་དབང་གིས་པར་རིས་གནས་ཚུལ་སོགས་ཕྱི་ཕྱོགས་སུ་བསྐུར་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།
འདས་ལོར་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་བཟའ་ཟླས་ཁྲིམས་རྩོད་པ་ཞིག་བརྒྱུད་རང་ཉིད་ཀྱི་ཁྱོ་གར་ཐུག་ཐབས་སུ་ཁྲིམས་རྩོད་ཀྱི་འབད་བརྩོན་ཐེངས་གསུམ་རིང་བྱས་ཡོད་ཀྱང་། བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ཟེར་བས་ཆོག་མཆན་སྤྲད་མེད་པ་རེད། འདས་ལོའི་ཕྱི་ཟླ་ ༤ ནང་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མི་དང་ཁྲིམས་རྩོད་པ་བཅས་ལ་གྲྭ་བཞི་བཙོན་ཁང་གིས་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་བཙོན་ཁང་དུ་སྒྲིག་འགལ་བྱས་ཡོད་ལུགས་བརྗོད་ནས་ཐུག་གི་བཅུག་མེད་པ་རེད།
རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་ཐབས་སུ། ཁོང་གི་ནང་མིས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༣ ཉིན་ཐོག་དང་པོར་སྙན་ཞུ་སྤྲད་ནས་ད་སྔ་བར་ལོ་ངོ་དྲུག་རིང་སྙན་ཞུ་མཚམས་ཆད་མེད་དུ་སྤྲད་ཡོད་ཀྱང་། བོད་རང་སྐྱོང་ལྗོངས་ཟེར་བའི་གྲྭ་བཞི་བཙོན་ཁང་གི་དོ་དམ་འབྲེལ་ཡོད་ལས་བྱེད་ཚོས་ཁ་གཡར་ས་འདྲ་མིན་ལ་བསྙད་བཏགས་ནས་རྡོ་རྗེ་བཀྲ་ཤིས་ལུགས་སུ་ཐུག་གི་བཅུག་མེད་པ་རེད་ལ། རྡོ་རྗེ་བཀྲ་ཤིས་འཛིན་བཟུང་བྱས་པ་ནས་ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་དང་གཅེན་མོ་མགོན་པོ་སྐྱིད། ད་དུང་མགོན་པོ་སྐྱིད་ཀྱི་བཟའ་ཟླ་ཆོས་སྐྱོང་སོགས་ཀྱིས་ཁྲིམས་གཏུགས་དང་ཞི་རྒོལ་ལས་འགུལ་རིམ་པ་སྤེལ་ནའང་། རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལ་བཅད་པའི་དྲང་བདེན་མིན་པའི་ཐག་གཅོད་ལ་འགྱུར་བ་གང་ཡང་བཏང་མེད་ཁར། རྡོ་རྗེ་ཚེ་བརྟན་དང་མགོན་པོ་སྐྱིད། ཆོས་སྐྱོང་གསུམ་ལྷ་སའི་ཉེན་རྟོག་པས་རྡུང་རྡེག་དང་འཛིན་བཟུང་སོགས་བྱས་མྱོང་ཡོད་ལ། མགོན་པོ་སྐྱིད་ལགས་གཡག་མགྲོན་ཁང་གི་ཁང་ཐོག་ནས་མར་མཆོངས་ཏེ་རང་སྲོག་བློས་གཏོང་ཐབས་སོགས་གནང་མྱོང་།
རྡོ་རྗེ་བཀྲ་ཤིས་ལགས་ནི་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་ཟླ་བ་འགའི་རྗེས་སུ་རྒྱ་ནག་གཞུང་གིས་ངོ་རྒོལ་བར་མཐུན་འགྱུར་བསྐྲུན་པ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱབས་རྟེན་ཕུལ་ཡོད་ལུགས་སོགས་བརྗོད་དེ་འཛིན་བཟུང་བྱས་ནས་ཟླ་ ༨ ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་བྱས་ནས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༧ ཉིན་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པར་གསང་བའི་ཐོག་ནས་རྒྱ་སྒོར་ཁྲི་ ༡༥༠ ཙམ་གྱི་དངུལ་བུན་གཡོ་ལེན་བྱས་ཚུལ་བརྗོད་དེ། རྡོ་རྗེ་བཀྲ་ཤིས་ལགས་ལ་ཚེ་བཙོན་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་དེ། བོད་རང་སྐྱོང་ལྗོངས་ཟེར་བའི་བཙོན་ཁང་ཆེ་ཤོས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བ་ཟེར་བའི་ཉེས་མིང་ཕོག་པའི་བཙོན་པ་བཅུག་སའི་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག appeared first on བོད་ཀྱི་དུས་བབ།.



