སྲིད་སྐྱོང་མཆོག་གིས་ཨ་རིའི་མཐོ་རིམ་དཔོན་རིགས་ལ་བོད་དོན་ཞུ་གཏུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་མཐོ་རིམ་དཔོན་རིགས་དང་གྲོས་ཚོགས་འཐུས་མིར་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་བ།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་སྟེ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མཐོ་རིམ་དཔོན་རིགས་དང་། གྲོས་ཚོགས་འཐུས་མི། དེ་བཞིན་གྲོས་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་སོགས་གནད་ཡོད་མི་སྣ་མང་དག་ཅིག་དང་མཇལ་འཕྲད་གནང་སྟེ། རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རིག་གཞུང་ལ་དམ་དྲག་བྱེད་བཞིན་པའི་གནས་སྟངས་དང་། ལྷག་པར་དུ་༧སྐུའི་ཡང་སྲིད་ངོས་འཛིན་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་པར་སྔོན་ཚུད་ནས་གདོང་ལེན་དགོས་གལ་སོགས་ཀྱི་སྐོར་ལ་བློ་འཚབ་དང་འབྲེལ་གླེང་སློང་ཤུགས་ཆེ་གནང་འདུག་པ་མ་ཟད། ཨ་རིས་བོད་དོན་ལ་མུ་མཐུད་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་རྒྱུའི་ཐད་ལའང་བཀའ་བསྡུར་གནང་ཡོད་འདུགཕྱོགས་མཚུངས་སྲིད་སྐྱོང་མཆོག་ནས་རོ་ཡེ་ཊར་ (Reuters) གསར་ཁང་ལ་བཅར་འདྲི་དང་ལེན་གནང་སྐབས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རམ་གྱིས་རྒྱ་ནག་གི་སྲིད་འཛིན་དང་མཇལ་མོལ་གནང་སྐབས། འགྲོ་བ་མིའི་ཐོབ་ཐང་ལས་དཔལ་འབྱོར་གྱི་ཁེ་ཕན་གཙོ་བོར་བཟུང་སྟེ་བོད་དོན་གླེང་སློང་མ་གནང་བར་བློ་ཕམ་ཡོད་སྐོར་དང་། བོད་ཀྱི་གནད་དོན་དེ་ཨ་རྒྱའི་དབར་བེད་སྤྱོད་ཀྱི་ལག་ཆ་ལྟ་བུར་འགྱུར་བར་མི་འདོད་པའི་ཐུགས་འཚབ་ཀྱང་བསྟན་གནང་འདུག །





