ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

1 hour ago

ཨ་རིའི་གྲོས་ཚོགས་འོག་མའི་ཡོང་འབབ་དང་ཚོང་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་ཇེ་སན་སི་མིཌ་ཀྱིས་མགོ་ཁྲིད་པའི་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་སོང་།

ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོར་ཨ་རིའི་གྲོས་ཚོགས་འོག་མའི་ཡོང་འབབ་དང་ཚོང་འབྲེལ་ཚོགས་ཆུང་ (Ways and Means Committee) གི་ཚོགས་གཙོ་མི་སུའུ་རི་ (Missouri) མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེ་སན་སི་མིཌ་ (Jason Smith) ཀྱིས་མགོ་ཁྲིད་པའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་མི་གྲངས་ ༡༧ ཡོད་པ་ཞིག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་སོང་།

མཇལ་བཅར་གྲུབ་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ཚོགས་ཆུང་གི་ཚོགས་གཙོ་སི་མིད་ཀྱིས། སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་སྲིད་གཞུང་གང་ཡིན་རུང་། ཨ་རིའི་ངོས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བོད་དོན་སྐོར་གྱི་དགོངས་ཚུལ་ལ་རྒྱུན་ཆད་མེད་པར་རྒྱབ་སྐྱོར་བྱས་ཡོད་པ་དང།  ཨ་རིས་མི་མང་ལ་རང་དབང་ཡོད་པ་ཁག་ཐེག་བྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

སྐུ་ཚབ་ཚོགས་ཆུང་ཁྲོད་ཨ་རི་ཟོ་ན་ (Arizona) མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཌེ་ཝིཌ་ཤི་ཝེ་ཀཊ་ (David Schweikert) དང་། ནེའུ་ཡོག་ (New York) མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཨེ་ལིས་སི་ཊེ་ཕ་ནིཀ་ (Elise Stefanik)། ཊེ་ནེ་སི་ (Tennessee) མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཨེན་ཌི་ཨོ་གཱལ་སི་ (Andy Ogles)། ཁེ་ལི་ཕོར་ནི་ཡ་ (California) མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལོ་ར་ཧྥིཌ་མཱན་ (Laura Friedman) བཅས་ཁྱོན་གྲོས་ཚོགས་འཐུས་མི་ལྔ་དང་། གྲོས་ཚོགས་འཐུས་མི་གཉིས་ཀྱི་བཟའ་ཟླ།  དེ་བཞིན་ཡོང་འབབ་དང་ཚོང་འབྲེལ་ཚོགས་ཆུང་གི་གནས་རིམ་མཐོ་བའི་ལས་བྱེད་གནས་ཁག་ཅིག་ཡོད་པ་རེད།

ཡོང་འབབ་དང་ཚོང་འབྲེལ་ཚོགས་ཆུང་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཁྲལ་དངུལ་གྱི་ཁྲིམས་འཆར་བཟོ་མཁན་གཙོ་བོ་ཡིན་ལ། ཚོང་འབྲེལ་དང་ཚོང་ཁྲལ་གྱི་སྲིད་ཇུས་ལའང་ལྟ་སྐུལ་བྱེད་པས། གྲོས་ཚོགས་ནང་ཤུགས་རྐྱེན་ཆེ་ཤོས་ཀྱི་ཚོགས་ཆུང་ཞིག་ཡིན།

སྐུ་ཚབ་ཚོགས་ཆུང་དེ་བཞུགས་སྒར་ངྷ་སར་མ་ཕེབས་གོང་མོམ་བྷེ་ (Mumbai) ལ་ཕེབས་ཏེ། ཕྱི་ཚེས་ ༢༠ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་འབུམ་རམས་པ་ཨེསི་ཇེ་ཤང་ཀར་ (Dr S. Jaishankar) དང་མཇལ་འཕྲད་བྱས་ཡོད་འདུག  ཇེ་ཤང་ཀར་ལགས་ཀྱིས་སྐུ་ཚབ་ཚོགས་པ་དང་ལྷན་དུ་ཚོང་འབྲེལ་དང་། ནུས་ཤུགས། བདེ་འཇགས། ལག་རྩལ་བཅས་དང་། དེ་བཞིན་རྒྱ་གར་ནང་ཚོང་ལས་གཉེར་སྟབས་ཇེ་བདེ་དང་རྒྱ་གར་ཞི་བདེ་རྒྱ་མཚོའི་ (Indo-Pacific) ཁུལ་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་སྐོར་གྲོས་བསྡུར་བྱས་སྐོར་གསར་ལམ་དུ་བརྗོད་འདུག  ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁོ་རུ་བྷི་ཡོ་ (Marco Rubio) མཆོག་ཀྱང་ཉིན་དེར་མོམ་བྷེ་རུ་ཡོད་པ་དང་།  ཇེ་ཤང་ཀར་ལགས་དང་ལོགས་སུ་གྲོས་མོལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག

མཇལ་འཕྲད་དེ་ནི་དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བལ་ཡུལ་བོད་ཀྱི་ཨ་ཅེ་ལྷ་མོ་ཚོགས་པ་བཅས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་ཉིན་གྱི་ཕྱི་དྲོར་བྱུང་བ་ཞིག་རེད།

དེ་བཞིན་གཟའ་འཁོར་གསུམ་ཙམ་གྱི་ནང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཐེངས་གཉིས་པ་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་མཇལ་བཅར་ཞུས་པ་དེ་ཆགས་ཀྱི་ཡོད།  ཟླ་ ༩ ཚེས་ ༣༠ ཉིན་གྲོས་ཚོགས་འོག་མའི་ཕྱི་དོན་ཚོགས་ཆུང་གི་ཚོགས་གཙོ་བྷ་ར་ཡན་མཱསཊ་ (Brian Mast) ཡིས་མགོ་ཁྲིད་པའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕོ་བྲང་དུ་མཇལ་བཅར་ཞུས་ཏེ། རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་བཙན་གནོན་བྱེད་པར་སེམས་ཁུར་བྱེད་ཀྱི་ཡོད་པ་དང་། བོད་མི་མང་ལ་ཨ་རིའི་རྒྱབ་སྐྱོར་བརྟན་པོ་ཡོད་སྐོར་བརྗོད་ཡོད་འདུག

བོད་ཀྱི་དུས་བབ་ཀྱིས།

The post ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས། appeared first on བོད་ཀྱི་དུས་བབ།.

Original Article