༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

4 hours ago

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་ལ་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་དམངས་གཙོའི་ལས་འགུལ་བ་ཀྲང་ཡེ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས།

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གི་དམངས་གཙོའི་ལས་འགུལ་བ་ཀྲང་ཡེ་ལགས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་ཀྱི་གདན་ས་ཆེན་པོ་སེར་ར་དགོན་པར་མཆོད་མཇལ་དུ་སྐྱོད་སྐབས། བོད་མི་ཞིག་ལ་སྐད་བརྡ་མ་འཕྲོད་སྟབས་རང་གི་ཁ་པར་ནང་གི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཞིག་བསྟན་པས། རྒྱ་གཞུང་ཉེན་རྟོག་པས་འཕྲལ་དུ་འཛིན་བཟུང་བྱས་ཡོད་ཅིང་། ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ཁོང་ལ་རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་གཡོགས་ཏེ་ཁྲིམས་མཐུན་འཛིན་བཟུང་བྱས་ཟེར་བ་ཡོངས་བསྒྲགས་བྱས་འདུག

གནད་དོན་དེའི་ཐད་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གི་སྐུ་པར་བསྟན་པ་ཙམ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཞིག་ཏུ་རྩ་བ་ནས་ངོས་འཛིན་རྒྱུ་མེད།  ཀྲང་ཡེ་ཡིས་ཞི་བའི་ལམ་ནས་མི་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་སྤྱད་པ་ཁོ་ནར་བརྟེན་ནས་འཛིན་བཟུང་བྱས་ཡོད་པས།  ཁོང་འཕྲལ་དུ་ཀློད་གྲོལ་གཏོང་དགོས། ཞེས་དང་། ཀྲང་ཡེ་ཡི་གྱོད་དོན་དེས་རྒྱ་ནག་གི་དཔོན་རིགས་ཚོས་ཡུན་རིང་བོད་ནང་དུ་རྒྱལ་ཁབ་ཁ་བྲལ་ཟེར་བའི་མིང་འོག་ནས་བོད་ཀྱི་ཆོས་ལུགས་དད་མོས་དང་རིག་གཞུང་། ལོ་རྒྱུས་སོགས་དང་འབྲེལ་ནས་ཞི་བའི་རྣམ་འགྱུར་སྟོན་མཁན་ཚོ་ཉེས་ཅན་པར་བརྩིས་ཏེ་འཛིན་བཟུང་བྱས་དང་བྱེད་མུས་ཡིན་པ་བསྟན་ཡོད་སྐོར་སོགས་བརྗོད་འདུག

ཀྲང་ཡེ་འཛིན་བཟུང་བྱས་པའི་ཉིན་དེ་ནི་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དངོས་སུ་ལག་བསྟར་མགོ་འཛུགས་བྱས་པའི་ཉིན་མོར་འཁེལ་འདུག ཁྲིམས་ཡིག་དེས་བོད་ནང་དུ་ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོང་ཐང་སོགས་ལ་སྔར་ལྷག་གིས་དམ་དྲག་བྱེད་པ་མ་ཟད། བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སོགས་ཁྲིམས་ཐོག་ནས་རྒྱ་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བ། དེ་བཞིན་བོད་ནང་ཙམ་དུ་མ་ཟད་འཛམ་གླིང་རྒྱལ་ཁབ་གང་སར་བོད་དང་བོད་མིའི་རྒྱལ་ཁབ་ཀྱི་བདག་དབང་དང་སྐད་ཡིག་གི་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་གླེང་སློང་བྱས་ཚེ། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལག་བསྟར་བྱེད་བཞིན་ཡོད།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨ་རིའི་འགན་འཛིན་གཞོན་པ་ས་རཱ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཀྲང་ཡེ་ཀློད་གྲོལ་གཏོང་བར་འགོར་འགྱངས་བྱེད་བཞིན་ཡོད་སྟབས། ཁོང་ལ་རང་གི་ཁྲིམས་རྩོད་པ་འདེམས་པའི་ཐོབ་ཐང་དང་ཁྱིམ་མིར་ཐུག་འཕྲད་བྱེད་དུ་འཇུག་དགོས་པའི་ཁར། རྒྱ་ནག་གིས་ཁོང་ལ་བཀག་ཉར་ཁང་དུ་མནར་གཅོད་དང་ཁྲིམས་འགལ་གྱི་ཉེས་རྡུང་གཏོང་མི་ཆོག་པའི་འགན་སྲུང་ལེན་དགོས་སྐོར་བརྗོད་འདུག

རྒྱ་ནག་གི་དམངས་གཙོའི་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཀྲང་ཡེ་ལགས་ནི་རྒྱ་ནག་ཧོ་པེ་ཞིང་ཆེན་ཝོ་ཧན་གྲོང་ཁྱེར་གྱི་མི་ཡིན་ཞིང་། ཕྱི་ལོ་ ༡༩༨༩ ལོའི་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་གྱི་སྐབས་ནས་བཟུང་རྒྱ་ནག་ནང་དམངས་གཙོའི་ལས་འགུལ་སྤེལ་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཀིརྟི་རིན་པོ་ཆེ་སོགས་བཙན་བྱོལ་དུ་བཞུགས་པའི་བསྟན་བདག་བླ་ཆེན་ཁག་གི་སྐུ་པར་ཉར་བར་དམ་དྲག་བྱས་དང་བྱེད་མུས་ཡིན་ལ། འདས་ལོར་རྒྱ་ནག་གཞུང་གིས་བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་གཙོས་ཁུལ་དེའི་ལྷ་སྡེ་མང་པོར་སྔོག་བཤེར་བྱས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་ཡོད་པ་རྣམས་ཁྲིམས་འགལ་ཡིན་ལུགས་བརྗོད་དེ་སྐུ་པར་ཁུག་མ་ཆེན་པོ་བཞི་ཙམ་བཙན་འཕྲོག་བྱས་ཡོད། ཕྱི་ལོ་ ༢༠༢༣ ལོར་ཉག་ཆུ་རྫོང་ནས་ན་གཞོན་ཤེས་ཡོན་པ་བསྟན་འཛིན་མཁྱེན་རབ་ལགས་༧གོང་ས་མཆོག་གི་སྐུ་པར་ཉར་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས། appeared first on བོད་ཀྱི་དུས་བབ།.

Original Article