གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

4 hours ago

རྒྱ་ནག་གཞུང་གིས་བོད་ཀྱི་གནས་རི་གཉན་པོ་གཡུ་རྩེའི་ཁུལ་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་དམ་དྲག་དང་ཚོགས་སྒེར་སོགས་གང་བྱུང་གནས་སྡོད་དང་རྐང་ཐང་དུ་མཚོ་སྐོར་སོགས་ལ་ཕྱིན་ན་ཁྲིམས་ལུགས་བཞིན་ཉེས་ཆད་གཅད་རྒྱུ་ཡིན་ལུགས་ཀྱི་བཀའ་ཁྱབ་བསྒྲགས།

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་ཟེར་བ་ཞིག་ལག་བསྟར་ཡོང་སླད། གནས་རི་གཉན་པོ་གཡུ་རྩེའི་ས་ཁོངས་དོ་དམ་ཚོད་འཛིན་དང་། ས་དམར་ཉག་གའི་ལྗོངས་གཟིགས་ཤིང་ལམ་གསར་བཟོ་བྱེད་མུས་ཡིན་ལུགས་སོགས་ལ་ཁ་གཡར་ནས་གནས་མཇལ་བ་བཀག་སྡོམ་བྱས་ཡོད་ཅིང་། མི་སྒེར་དང་ཚོགས་པ་སོགས་ཀྱིས་གང་བྱུང་སྒར་བརྒྱབ་ནས་སྡོད་པ་དང་། རྐང་ཐང་དུ་མཚོ་སྐོར་སོགས་ཕྱིན་ན། ཁྲིམས་ལུགས་བཞིན་ཉེས་ཆད་གཅད་རྒྱུ་ཡིན་ལུགས་བསྒྲགས་འདུག་ལ། ཉེ་ལམ་ཡུལ་མི་རྣམས་ཀྱང་ས་དམར་ཉག་ག་ནས་མཇལ་བ་ཙམ་ལས་མཚོ་སྐོར་དུ་ཤར་གཏོང་བྱེད་ཀྱི་མེད་པ་རེད།

གནད་དོན་དེ་དང་འབྲེལ་ནས་མགོ་ལོག་གཅིག་སྒྲིལ་རྫོང་རིག་གནས་ཡུལ་སྐོར་ཚན་པས་སྤེལ་བའི་གསལ་བསྒྲགས་ཁྲོད། སྤྱིར་བཏང་ཚོད་འཛིན་ཁུལ་ཞེས་གཉིས་སུ་བགོས་ཡོད། དེ་ལས་ལྟེ་བའི་སྲུང་སྐྱོང་ཁུལ་གྱིས་བཀག་སྡོམ་དོ་དམ་ཚོད་འཛིན་ལག་བསྟར་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་དོ་དམ་ཚོད་འཛིན་སྲོལ་ཡིག་གི་གཏན་འབེབས་གཞིར་བཟུང་ན། ལས་ཁུངས་གང་རུང་དང་མི་སྒེར་གང་ཞིག་གང་འདོད་དུ་རི་ཁུལ་དུ་བསྐྱོད་ཅིང་། རྐང་ཐང་དུ་མཚོ་ལ་སྐོར་བ་རྒྱག་པ། སྒར་བརྒྱབ་ནས་སྡོད་པ། རི་འཛེག་སོགས་བྱེད་མི་རུང་བ་མ་ཟད།  རྐང་ཐང་དུ་མཚོ་སྐོར་དང་ལམ་ཐིག་སྐོར་དྲ་རྒྱའི་སྒང་ན་བསྒྲགས་པ་ཡོད་ཚད་སྒྲིག་འགལ་གྱི་ལམ་ཁོངས་སུ་གཏོགས་པས་རང་དགར་སྲུང་སྐྱོབ་ཁུལ་དུ་འཛུལ་ན། ཆུ་མགོའི་སྔོ་ཁེབས་གསོ་འཁྱོངས་ལ་གཏོར་བཤིག་དང་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་ལ་དཀྲོགས་སློང་སྲིད་པས། གཏན་འབེབས་ཀྱི་སྒྲིག་ལམ་འདི་དང་འགལ་བའི་མི་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ཆད་པ་གཅད་རྒྱུ། གལ་ཏེ་རི་ཁུལ་དུ་ལམ་ནོར་ཐེབས་པ་དང་། ཆུ་ལོག་དང་རི་ཉིལ་སོགས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ལ་འཕྲད་ཚེ། མཇུག་འབྲས་གང་བྱུང་མི་རང་ཉིད་ཀྱིས་འགན་འཁུར་དགོས། ཞེས་སོགས་གསལ།

ཡང་གསལ་བསྒྲགས་ཁྲོད། ས་དམར་ཉག་ག་ནི་གཉན་པོ་གཡུ་རྩེ་ལ་ལྟ་བའི་ལྗོངས་གཟིགས་སྟེགས་བུ་གལ་ཆེན་ཞིག་ཡིན། དེར་མཁོ་བའི་ལྗོངས་གཟུགས་ཤིང་ལམ་ད་དུང་གསར་འཛུགས་ལས་རིམ་ན་ཡོད་པ་དང་། སྒྲིག་ཆས་ལ་ཡང་ད་དུང་རྩིས་བཤེར་ཐོབ་མེད་པས། གལ་ཏེ་སྐབས་འདིར་ས་དེར་བསྐྱོད་ན་བདེ་འཇགས་ལ་འགན་སྲུང་བྱེད་མི་ཐུབ། གནས་སྐབས་སུ་ཨར་ལས་དང་དགོས་ངེས་ཀྱི་དྲིལ་སྒྲོག་བརྙན་ལེན་ཀྱི་ལས་ཀ་མ་གཏོགས་དང་ལེན་མི་བྱེད་པས། ཡུལ་སྐོར་བས་ཤིང་ལམ་དང་ལྗོངས་གཟིགས་སྟེགས་བུའི་ས་ཁོངས་བརྒལ་ནས་ལྟ་སྐོར་བྱེད་མི་ཆོག ལས་གཞི་ཡོངས་ལེགས་འགྲུབ་བྱུང་ཞིང་བདེ་འཇགས་ལ་རྩིས་བཤེར་ཁས་ལེན་ཐོབ་རྗེས་སུ་སྒོ་འབྱེད་པའི་དུས་ཚོད་ལོགས་སུ་བརྡ་བརྒྱག་རྒྱུ་ཡིན། ཞེས་གསལ་འདུག

འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས།  ཡུལ་སྐོར་བ་སོགས་མང་ན་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་ལུགས་ལ་ཁ་གཡར་ནས། འདས་པའི་ལོ་ཤས་གོང་རྒྱ་ནག་གཞུང་གིས་གཉན་པོ་གཡུ་རྩེའི་འདབས་རོལ་དུ་རྒྱལ་ཁབ་ཀྱི་སྤྱི་གླིང་སོགས་བཟོ་རྒྱུ་ཡིན་ལུགས་ཀྱིས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་མུས་ཡིན་ལ། ཁུལ་དེའི་འབྲོག་སྡེ་རྣམས་ཀྱང་གནས་སྤོར་དགོས་ལུགས་ཡང་ཡང་ཤོད་ཀྱིན་ཡོད།  ད་བར་ཁུལ་དེར་བོད་མི་རྣམས་ལའང་ཕྱོགས་ཡོངས་ནས་བསང་གསོལ་སོགས་ཚུད་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་དམ་དྲག་བྱེད་ཀྱིན་ཡིན་པ་མ་ཟད། ཡུལ་མི་རྣམས་ཀྱང་ས་དམར་ཉག་ག་ནས་མཇལ་ཙམ་ལས་མཚོ་ཁར་ཤར་གཏོང་བྱེད་ཀྱི་མི་འདུག ཅེས་བརྗོད་བྱུང་།

ཡང་འབྲེལ་ཡོད་ཅིག་གིས། སྤྱིར་རྒྱ་ནག་གཞུང་གིས་ཡུལ་སྐོར་བ་དང་ཡུལ་མི་ཤར་གཏོང་མི་བྱ་སའི་ས་གནས་མང་དག་ཅིག་ཏུ། ས་རྐོ་རྡོ་སྔོག་བྱས་ནས་གཏེར་ཁ་སྔོག་གི་ཡོད་ཀྱང་། ད་ལྟ་གཡུ་རྩེའི་ཁུལ་དུ་ཕལ་ཆེར་དེ་འདྲ་བྱེད་ཀྱི་མེད་པའི་ཟོལ་ཞིག་རེད། འོན་ཀྱང་། བོད་མིའི་དད་འདུན་ལ་བརྩི་འཇོག་མ་བྱས་པར་རྒྱལ་ཁབ་ཀྱི་སྤྱི་གླིང་སྲོལ་ཡིག་ཟེར་བའི་ངོ་བོའི་ཐོག་ནས། ས་གནས་བདག་བཟུང་དང་རྒྱལ་ཁབ་ཀྱི་སྤྱི་གླིང་འཛུགས་འཆར་ཡོད་པ་རེད། ཅེས་བརྗོད་བྱུང་ལ། འདི་ལོའི་ཕྱི་ཟླ་ ༥ ནང་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་པའི་མི་སྒེར་དང་ཚོགས་པ་ཁག་གིས། གཉན་པོ་གཡུ་རྩེར་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་རྒྱུར་སྒོ་བརྒྱབ་ཡོད་པ་དང་།  གལ་ཏེ་གང་ཟག་སྒེར་དང་ཚོགས་པ་གང་རུང་གིས་བཀོད་ཁྱབ་དེར་བརྩི་སྲུང་མ་བྱས་ཚེ་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་དྲག་པོ་གཏང་རྒྱུ་ཡིན་ལུགས་ཀྱི་བཀའ་ཁྱབ་བསྒྲགས་རྗེས། ས་གནས་ཀྱི་ཚོ་ཁག་དྲུག་གིས་རེ་སྐུལ་ཡི་གེ་ཐེངས་གསུམ་ལ་བསྐུར་ནས་ཡར་ཞུ་རིམ་པ་བྱས་ཀྱང་བརྡ་ལན་གང་ཡང་སྟེར་མེད་པ་རེད།

གཉན་པོ་གཡུ་རྩེ་ནི་བོད་མིར་མཚོན་ན་གནས་རྩ་ཆེན་ཞིག་དང་། ལྷག་པར་ཕྱི་ལོ་ ༡༩༩༢ ལོའི་ཟླ་བ ༧ ཚེས ༡༧ ཉིན་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་དབུ་བཞུགས་ཐོག་ཡུལ་དེའི་ཚོ་ཁག་ཆེ་ཤོས་གཉིས་ཏེ། ཨ་སྐྱོང་ཁང་རྒན་དང་ཨ་སྐྱོང་ཁང་གསར་གཉིས་ཀྱིས་ཕན་ཚུན་འཁོན་འཛིང་མཚམས་འཇོག་སླད་དམག་འཁྲུག་མཚམས་འཇོག་གི་གྲོས་ཆོད་བཞག་རྗེས་མཐུན་སྒྲིལ་ལབ་རྩེ་བཙུགས།  དུས་དེ་ནས་བཟུང་ཤོག་ཁག་གཉིས་ཀས་གཉན་པོ་གཡུ་རྩེ་རུ་བོད་ཟླ་དྲུག་པའི་ནང་དར་ལྕོག་བཙུགས་པ་དང་བསང་གསོལ་གཏོང་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོའི་རྒྱུན་ཆད་མྱོང་མེད་པ་རེད། གནས་རི་གཉན་པོ་གཡུ་རྩེ་ནི་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཡོད་ཅིང་། གནས་རི་དེའི་གནས་བདག་གཉན་ཆེན་ཐོད་པ་རྩལ་ནི་གཉན་པོ་དང་། བཙན་ཤེད་ཆེན་པོ་ཡིན་ལ།  གནས་རིའི་ཡངས་རྩེར་གཡུ་མདོག་ཅན་གྱི་རྫ་རི་ཞིག་ཡོད་པས་གཉན་པོ་གཡུ་རྩེ་ཞེས་བཏགས་པ་དང་། གནས་རི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༣༣༨ དང་། གནས་རི་རྐྱང་པའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༨༨༠ ཡོད་ལ་ཟལ་མོ་སྒང་རྒྱུད་ཀྱི་ཆེས་མཐོ་བའི་གཙོ་རི་ཡིན་འདུག

གསར་འགོད་པ། དཔལ་ལྡན།

The post གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག appeared first on བོད་ཀྱི་དུས་བབ།.

Original Article