གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

3 hours ago

གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་ཞི་ཅིན་ཕིན་རྒྱ་གར་དུ་བྷི་རིག་སི་ཚོགས་འདུར་ཞུགས་པ་དང་བསྟུན་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱིས་བོད་རྒྱའི་དཀའ་རྙོག་སེལ་བར་འབྲེལ་མོལ་གྱི་ལེའུ་གསར་བ་ཞིག་མགོ་འཛུགས་དགོས་པའི་རེ་སྐུལ་ཞུས་འདུག

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གསར་འགོད་ལྟེ་གནས་ཁང་དུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་གཙང་ཆོལ་ཁ་དང་མདོ་སྟོད་ཆོལ་ཁ། མདོ་སྨད་ཆོལ་ཁ། བོད་ཀྱི་བུད་མེད་ལྷན་ཚོགས། རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་བཅས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་བྷི་རིག་སི་ (BRICS)ཚོགས་འདུར་ཡོང་ནས་རྒྱ་དཀར་ནག་གཉིས་བར་འབྲེལ་བ་དམ་ཟབ་ཡོང་བར་དགའ་བསུ་ཡོད་ཀྱང་།  ད་རེས་ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བ་དང་བསྟུན་ནས། ༸གོང་ས་མཆོག་གི་ཐུགས་དགོངས་གཉིས་ཕན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཏེ་བོད་རྒྱའི་དཀའ་རྙོག་སེལ་བར་འབྲེལ་མོལ་གྱི་ལེའུ་གསར་པ་ཞིག་མགོ་འཛུགས་པའི་གོ་སྐབས་དམ་འཛིན་གནང་བའི་རེ་སྐུལ་ཞུས་འདུག

གསར་འགོད་གསལ་བསྒྲགས་དེའི་ནང་།  ང་ཚོའི་ཕྱོགས་ནས་རྒྱ་ནག་མི་མང་ལ་ཞེ་སྡང་དང་འཁོན་འཛིན་མེད་པར་གྲོས་མོལ་དང་ཞི་བདེ། དངོས་འབྲེལ་གནས་ཚུལ་གཞིར་བཞག་གིས་མི་རིགས་ཕན་ཚུན་ཆེ་མཐོང་ངང་ཀྲུང་གོའི་རྒྱལ་ཁབ་ཆེན་མོའི་ནང་མི་རིགས་འདྲ་མཉམ་གྱི་རང་དབང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། སྐུ་ཉིད་ནས་མཁྱེན་གསལ་ལྟར་༸གོང་ས་མཆོག་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་རྒྱུར་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་གྲོས་མགོ་སྟོན་གནང་ནས་མི་ལོ་ཧྲིལ་བོ་ ༤༠ ཙམ་ཕྱིན་ཡང་། ཀྲུང་གོའི་གཞུང་ནས་ད་ལྟ་བར་ལྷག་བསམ་རྣམ་དག་གིས་ཡ་ལན་མ་གནང་བའི་རྐྱེན་གྱིས་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་གནས་ཡོད་པས། ད་རེས་སྐུ་ཉིད་ནས་ཀྲུའུ་གོའི་རྒྱལ་ཁབ་ཀྱི་ཆེ་མཐོང་དང་མི་རིགས་བརྟན་ལྷིང་གིས་ཡར་རྒྱས་ཕྱོགས་སུ་འགྲོ་རྒྱུར་རླབས་ཆེན་གྱི་དགོངས་བཞེས་ཀྱིས་མདུན་བསྐྱོད་ཆེན་པོ་ཞིག་གནང་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད།

སྐུ་ཉིད་གཙོས་རྒྱ་ནག་གཞུང་ནས་དགོངས་པའི་མངའ་གསལ་ལྟར་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་ནས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཀྱང་དོན་དངོས་དང་བསྟུན་ཏེ་རང་བཙན་མི་རྩོད་པར་བོད་མི་རིགས་ཀྱི་ངོ་བོ་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས། འཚོ་བའི་རྣམ་པ་བཅས་རྒྱུན་འཛིན་ཐུབ་པ་དང་ཆབས་ཅིག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་མཉམ་གནས་བྱེད་པའི་ཐབས་ལམ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གལ་ཏེ་ཀྲུའུ་གོའི་གཞུང་ནས་གྲོས་མོལ་བསྐྱར་གསོ་བྱེད་པ་ནི་ཉམ་ཆུང་གི་རྟགས་མཚན་ཞིག་མིན་པར་དེ་ནི་ཆབ་སྲིད་ཀྱི་གདེང་ཚོད་དང་། བློ་གྲོས། སྙིང་སྟོབས་ཡོད་པར་མཚོན་ཐུབ། ཅེས་བརྗོད་འདུག

ཚོགས་པ་ཁག་ལྔ་ཡིས་དགོས་འདུན་ཁག་ཅིག་བཏོན་པའི་ནང་། དང་བོ། ཀྲུའུ་གོའི་གཞུང་ནས་བོད་མི་རིགས་ཁ་བྲལ་དུ་གཏོང་འདོད་མེད་ཚེ། དབུ་མའི་ལམ་ལས་ལྷག་པའི་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་མེད་པས། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་དུ་དོན་སྙིང་ལྡན་པའི་གྲོས་མོལ་གནང་རོགས།

གཉིས་པ། སྐད་ཡིག་དང་། རིག་གཞུང་། ཆོས་ལུགས། ངོ་བོ་བཅས་ནི་མི་རིགས་གང་ཞིག་གསོན་གནས་ཐུབ་དང་མ་ཐུབ་ཀྱི་སྲོག་རྩ་ལྟ་བུ་ཡིན་པས་ང་ཚོས་ཀྲུའུ་གོའི་གཞུང་ལ་བོད་མི་དང་། གྲངས་ཉུང་མི་རིགས་གཞན་ཚོའི་རང་ཉིད་ཀྱི་ངོ་བོ་ཐུན་མོང་མ་ཡིན་པ་དེ་ནུས་མེད་ཉམས་དམས་སུ་གཏོང་བའི་སྲིད་བྱུས་སྤྱི་དང་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ཐོག་བསྐྱར་དུ་དགོངས་བཞེས་ཀྱིས་བཅོས་སྒྲིག་གནང་རྒྱུ་གལ་ཆེ།

གསུམ་པ། གྲངས་ཉུང་མི་རིགས་ཚང་མར་རང་ཉིད་ཀྱི་ངོ་བོ་ཐུན་མོང་མ་ཡིན་པ་དེ་ཉར་ཚགས་དང་གོང་འཕེལ་གཏོང་བའི་ཐོབ་ཐང་བཅས་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས། དེ་ན་ང་ཚོའི་འབོད་སྐུལ་ནི་ཀྲུའུ་གོ་དང་རྒྱ་ཧན་རིགས་མི་མང་ལ་ངོ་རྒོལ་བྱེད་རྒྱུ་དེ་མིན་པར། བོད་མི་གཙོས་གྲངས་ཉུང་མི་རིགས་དང་རྒྱ་ཧན་རིགས་མི་མང་བཅས་མཉམ་དུ་ཞི་བདེ་དང་། ཕན་ཚུན་ལ་བརྩི་འཇོག ཆེ་མཐོང་བཅས་ཀྱི་ཐོག་ནས་མཉམ་གནས་བྱེད་ཐུབ་པའི་ཡིད་ཆེས་ཡོད། བོད་དོན་དཀའ་རྙོག་ངོ་མ་ཞིག་སེལ་ཐུབ་ན། ཀྲུང་གོའི་སྐམ་ས་ཆེན་མོའི་སྟོབས་ཤུགས་དང་ཆེ་མཐོང་བཅས་འཛམ་གླིང་ཐོག་གོང་དུ་འཕེལ་རྒྱུ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་ཁབ་ནང་མི་རིགས་མཐུན་འབྲེལ་དང་ལྷིང་འཇགས་ཞི་བདེ་ཡོང་རྒྱུ་གདོན་མི་ཟ་བས། སྐུ་ཉིད་གཙོས་ཀྲུའུ་གོའི་གཞུང་ནས་དུས་དང་མཐུན་པའི་དགོངས་བཞེས་ངེས་གནང་ཡོང་བ་མཁྱེན་མཁྱེན་ཞེས་གསལ་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ། appeared first on བོད་ཀྱི་དུས་བབ།.

Original Article