གསེར་རྟ་བླ་རུང་སྒར་དུ་སླར་ཡར་གཏོར་བཤིག་གི་སྐབས་ངོ་རྒོལ།

2 hours ago

འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་དང་བརྙན་པར་ཁག་ཅིག་འབྱོར་བར་གཞིགས་ན། ད་ལྟའི་ཆར་གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ཉེ་ལམ་ཕྱི་ཟླ་༨ ཚེས་ ༡༡ ཉིན། རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་གྲྭ་ཤག་གཏོར་བའི་ཁོངས་སུ་ཚུད་པའི་གྲྭ་ཤག་གཅིག་གི་སྒེའུ་ཁུང་ནས་དགེ་འདུན་པ་ཞིག་གིས་པཎ་ཆེན་སྐུ་འཕྲེང་བཅུ་པ་ཆེན་པོ་མཆོག་གི་སྐུ་པར་ཆེན་པོ་ཞིག་འཕྱང་སྟེ། རྒྱ་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པའི་གནས་ཚུལ་ཐོན་འདུག ད་ལྟའི་ཆར་དགེ་འདུན་པ་དེ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་མེད་སོགས་ཀྱི་སྐོར་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་མེད་ན་ཡང་། གནས་ཚུལ་མཁོ་སྤྲོད་པས་བརྗོད་གསལ་ལྟར་ན། དགེ་འདུན་པ་དེ་གར་ཡོད་ཆ་མེད་དུ་གྱུར་བའི་གནས་ཚུལ་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག དེ་ཡང་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་༢༠༢༦ ཟླ་བ་ ༧ པའི་ཟླ་མཇུག་ཏུ། གསེར་རྟ་བླ་རུང་སྒར་དུ་རྒྱ་སྐད་ཤེས་མཁན་གྱི་ཕྱི་རྒྱལ་གསར་འགོད་པ་གསུམ་ས་གནས་སུ་འབྱོར་ཡོད་པ་དང་། གསར་འགོད་པ་དེ་དག་དང་ལྷན་དུ་རྒྱ་ནག་གཞུང་གི་གསང་བའི་མི་སྣ་ཡང་མཉམ་དུ་ཡོད་འདུག་པས། སྐབས་དེར་ཕྱི་རྒྱལ་གྱི་གསར་འགོད་པས་གྲྭ་བཙུན་རྣམས་ལ་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་འབྲེལ་བའི་གནད་དོན་སྐོར་བཅར་འདྲི་ཞུ་ཐབས་བྱས་འདུག་ཀྱང་། གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། སྐབས་དེར་གསར་འགོད་པ་རྣམས་དང་ལྷན་དུ་རྒྱ་གཞུང་གི་གསང་བའི་མི་སྣ་ཡོད་སྟབས་གྲྭ་བཙུན་རྣམས་ནས་གསར་འགོད་པ་གསུམ་གྱི་བཅར་འདྲིར་དང་ལེན་གནང་ཐབས་བྱུང་མི་འདུག འདི་ག་བོད་ཀྱི་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། གསར་དུ་རྒྱ་གཞུང་གིས་གཏོར་བཤིག་ལས་འགུལ་དེའི་ནང་གྲྭ་ཤག་ཆིག་སྟོང་ལྷག་ཚུད་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་ལ་རྒྱ་གཞུང་གིས་གཏོར་བཤིག་ལས་འགུལ་སྤེལ་བཞིན་པའི་བརྙན་དང་པར་ཁག་ཅིག་ཀྱང་ལག་སོན་བྱུང་། ལྷག་པར་དུ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་ཀྱི་ཁ་པར་སྔོག་གཤེར་བྱས་ཡོད་པ་མ་ཟད་བླ་རུང་སྒར་གྱི་ད་ལྟའི་གནས་སྟངས་སྐོར་ཕྱིར་བསྒྲགས་རྩ་བ་ནས་བྱེད་མི་ཆོག་པའི་བཙན་བཀའ་བཏང་སྟེ། རྒྱ་གཞུང་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་འདུག །
Watch on YouTube