ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས།

3 hours ago

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༤༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

ངྷ་ས་དང་པེ་ཅིན་དབར་གྱི་འབྲེལ་ལམ་ཆད་ནས་ལོ་ངོ་༡༦ ཙམ་འགྲོ་ཡི་འདུག ལོ་ངོ་འདི་དག་གི་རིང་ལ་ལྟག་སྒོ་བརྒྱུད་ནས་འབྲེལ་བ་ཙག་ཙིག་རེ་བྱུང་ཡོད་སྲིད། འོན་ཀྱང་། སྔར་ལྟར་བོད་རྒྱ་འབྲེལ་མོལ་ཞེས་སྐུ་ཚབ་ཚོགས་པའི་ངོ་བོ་ནས་བོད་རྒྱའི་གནད་དོན་གླེང་བཞག་པ་ཞིག་མེད། ང་ཚོས་པེ་ཅིན་ལ་སྤྲད་པའི་བོད་ལ་ཆེས་མཐོའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེར་རྒྱ་གཞུང་གིས་བདག་པོ་མ་བརྒྱབ་པར། ཡིག་ཆ་རྙིང་ཧྲུལ་ཞིག་ཏུ་གྱུར་ནས་ལྷག་པ་རེད། མདོར་ན་རྒྱ་གཞུང་གིས་ང་ཚོར་ཁ་ཡ་མི་བྱེད་དོན་ཅི་ཡིན་ནམ། ས་བྱི་ཞི་རྒོལ་ཆེན་མོ་ལྟ་བུའི་ས་ཆེན་པོ་ཡོམ་ཡོམ་སྒུལ་བའི་ལས་འགུལ་ཞིག་མ་བྱུང་བས་རེད་དམ། ཡང་ན། ཁྱོད་ཤི་ང་གསོན་གྱི་སྲིད་དོན་ཁེ་ཕན་ཁྲོད་བོད་དོན་ནི་ཁུར་བོ་ལྷག་མ་ཞིག་རེད་བསམ་མཁན་ཇེ་མང་དུ་སོང་བ་རེད།

ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས། ང་ཚོས་པེ་ཅིན་ལ་ཁོང་ཁྲོ་སློང་དགོས། ང་ཚོས་པེ་ཅིན་གཉིད་ལས་དཀྲོག་དགོས། འོ་ན། དྷ་སའི་བྱེད་ཐུབ་པ་དེ་གང་རེད་དམ། ད་ལོའི་ཕྱི་ཟླ་ ༩ ཚེས་ ༢ ཏེ་བོད་ཀྱི་དམངས་གཙོའི་དུས་དྲན་ཉིན་མོའི་གཞུང་འབྲེལ་སྐུ་མགྲོན་གཙོ་བོར་ཝང་ཊན་ཞེས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་མགྲོན་འབོད་བྱས་འདུག དེས་རྒྱ་ནག་ལ་ཁོང་ཁྲོ་སློང་ཐུབ་ཡོད་དམ། གཅིག་ནས་ ཁོང་ནི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་མགོ་ཁྲིད་ཅིག་རེད་ལ། གཉིས་ནས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་རྒྱ་ནག་གི་བྱ་སྤྱོད་ཐེར་འདོན་བྱེད་མཁན་ཞིག་རེད། ཁོང་དང་མཉམ་དུ་ཡོང་བའི་རྒྱ་རིགས་ཉི་ཤུ་རྩ་གྲངས་ཀྱིས་རྒྱ་ནག་གི་དམངས་གཙོ་དང་བོད་ཀྱི་མ་འོངས་པ་ཞེས་པའི་ཚོགས་འདུའི་ཐོག་ཏུ་ཕྱི་ཡུལ་ལ་ཡོད་པའི་བོད་རྒྱ་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་རྒྱ་གཞུང་ལ་ཁ་གཏད་གཅོག་དགོས་སྐོར་བཤད་འདུག

ང་ཚོའི་བཙན་བྱོལ་ནང་གི་དམངས་གཙོ་ནི་ལོ་རྒན་དྲུག་ཅུ་བརྒལ་བ་ཞིག་རེད། རྒྱ་ནག་གི་དམངས་གཙོ་ནི་བྱིས་པ་དམར་འབྱར་ཞིག་མ་རེད་ལ། ད་དུང་རྒྱ་ནག་གི་དམངས་གཙོའི་མངལ་ཡང་འཁོར་ཡོད་མ་རེད། དེས་ན་རྒྱ་ནག་གི་དམངས་གཙོ་ཞེས་པ་ནི་བླ་མ་ཕར་རི། མཆོད་པ་ཚུར་རི་ཞེས་པའི་བོད་ཀྱི་དཔེ་གཏམ་ལས་མ་འདས། འོ་ན། བོད་ཀྱི་མ་འོངས་པ་འདི་གང་འདྲ་ཆགས་ཀྱི་རེད་དམ། ༧གོང་ས་རྒྱལ་བ་རིན་པོ་ཆེས་ང་ཚོར་གནང་བའི་དམངས་གཙོའི་གསོལ་རས་འདི་བོད་ནང་གི་གཞིས་ལུས་བོད་མི་ཚོར་རྒྱུ་རྒྱུ་བདག་ལ་འཕྲོད་པ་ཞིག་ཡོང་གི་རེད་དམ། དེ་འདྲ་ཞིག་ཡོང་བར་ང་ཚོའི་ནུས་པ་མཉམ་སྤུངས་བྱེད་དགོས། རང་གི་ནུས་པས་མི་འདང་སར་གཞན་གྱི་རྒྱབ་སྐྱོར་ཡང་ལེན་དགོས།

ལ་ལས་བོད་དོན་འཐབ་རྩོད་ནི་སྒོ་ང་བྲག་ལ་བརྡབ་པ་འདྲ་པོ་རེད་ཟེར་གྱི་རེད། ཡང་འགའ་རེས་ར་མ་འཕག་འཚག་བརྒྱབ་ནས་ཀ་བ་རྫོགས་ཐུབ་ཀྱི་མ་རེད་ཅེས་ལབ་ཀྱི་ཡོད།  གང་ལྟར། འགྲོ་ཐག་ཅི་ཙམ་རིང་ནའང་། རིགས་ཞེན་གྱི་ལ་རྒྱ་མི་འདོར་བར། ནང་ཁུལ་གྱི་རྙོག་དྲ་ཙ་གེ་ཙག་གེའི་ནང་དུ་མགོ་བོ་འཐོམས་ནས་མི་སྡོད་པར། ཁ་རུག་རུག་ཁ་སྤུ་ཞུམ་ཞུམ། ལག་རུག་རུག་ཝ་མོ་གྲུང་གྲུང་བྱས་ནས་བསྐྱོད་དགོས་པར་སྙམ། འགྲུལ་བཞུད་རིང་མོ་འདིའི་ཁྲོད་དུ་ས་ཆོད་ལམ་ཆོད་ཅན་གྱི་མཐུན་གྲོགས་ཇེ་མང་ནས་ཇེ་མང་དུ་བཟོ་རྒྱུ་ནི་གནད་ཀྱི་དམ་པའོ།།

The post ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས། appeared first on བོད་ཀྱི་དུས་བབ།.

Original Article