ཆུ་ལོག་གོད་ཆགས་ནང་བོད་མི་མང་པོ་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ།

3 hours ago

ཕྱི་ཟླ་༨ ཚེས་༢༦ ཉིན། བོད་དང་བལ་ཡུལ་ས་མཚམས་སྐྱིད་གྲོང་ཕྱོགས་དང་བལ་ཡུལ་ནང་ཆུ་ལོག་དང་འདམ་རྡོ་རྒྱུག་གི་གོད་ཆག་ཚབས་ཆེན་བྱུང་ཡོད། འདི་ག་བོད་ཀྱི་རླུང་འཕྲིན་ལ་འབྱོར་བའི་གནས་ཚུལ་ལྟར་ན། བོད་ཕྱོགས་སུ་ད་བར་བོད་མི་༢༥ ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་འབྱོར་ཡོད། དེ་བཞིན་སྦེལ་ཀོབ་ཏུ་བཞུགས་པའི་སྐྱིད་གྲོང་ཕ་ཡུལ་གྱི་ཚེ་རིང་ཕུན་ཚོགས་ལགས་ཀྱི་ནང་མི་ཞིག་རྐྱེན་འདས་པ་དང་། སྤུན་མཆེད་གསུམ་དང་གྲོགས་ཉེ་འབྲེལ་མང་པོ་བོར་བརླགས་སོང་བའི་གནས་ཚུལ་ཡང་འབྱོར་ཡོད། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་འགྱུར་ཁང་གི་ཟླ་༨ ཚེས་༣༠ ཉིན་གྱི་གསར་འགྱུར་ལྟར་ན། ཚེས་༢༩ ཉིན་དགོང་མོའི་ཆུ་ཚོད་༦ བར། སྐྱིད་གྲོང་རྫོང་གི་འདམ་རྡོ་རྒྱུག་གི་གོད་ཆག་ནང་མི་༡༦ རྐྱེན་འདས་ཤིང་། མི་༥༤༦ བོར་བརླགས་སོང་བ་དང་། དེའི་ནང་ཕྱི་རྒྱལ་མི་༢༦༡ དང་རྒྱལ་ཁབ་༢༣ གྱི་མི་ཡོད་པ་བཀོད་ཡོད། ཉེན་ཁའི་ཁུལ་ནས་མི་༤༩༩ དང་། སྐྱིད་གྲོང་དུ་ཡོད་པའི་རྒྱལ་ནང་ལྟ་སྐོར་བ་༥༥༥ བདེ་འཇགས་ངང་གནས་སྤོ་ཐུབ་ཡོད། བལ་ཡུལ་གྱི་གསར་ཤོག་ཁག་གི་ཟླ་༨ ཚེས་༣༡ ཉིན་གྱི་གསར་ཤོས་གྲངས་ཐོ་ལྟར་ན། བལ་ཡུལ་ནང་ཆུ་ལོག་དང་འདམ་རྡོ་རྒྱུག་གི་གོད་ཆག་གིས་མི་༩༠༣ རྐྱེན་འདས་ཡོད་པ་དང་། མི་༤,༢༤༧ བོར་བརླགས་སམ་འབྲེལ་བ་ཆད་ཡོད། མི་༡༠,༤༥༡ སྐྱོབ་ཐུབ་ཡོད་པ་དང་། མི་༢༦༧ ལ་རྨས་སྐྱོན་བྱུང་ཡོད།
Watch on YouTube