ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

2 hours ago
རྒྱབ་ལྗོངས་ཀྱི་འགྲེལ་བཤད།

ཕྱི་ཟླ་ ༩ ཚེས་ ༢༤ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིིན་དང་ཨ་རིའི་སྲིད་འཛིན་ཊོམ་ཕུ་གཉིས་ཨ་རིའི་ཕོ་བྲང་དཀར་པོར་མཇལ་འཕྲད་བྱེད་གཏན་ཁེལ་ཡོད་པ་རེད། ཊོམ་དང་ཞི་གཉིས་ ༢༠༢༥ ལོའི་ཟླ་ ༡༠ ཚེས་ ༣༠ ཉིན་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཕུ་སན་(Busan)དུ་ལོ་དེའི་ཨེ་ཕེག་(APEC)ཚོགས་འདུའི་ཞོར་དུ་ཐུག་འཕྲད་བྱས་ཡོད། སྐབས་དེར་སྲིད་འཛིན་ཊོམ་ཕུ་ཡིས་ཐོག་མར་ཞི་ཅིན་ཕིན་ཝ་ཤིན་ཊོན་ལ་མགྲོན་འབོད་བྱས་ཡོད་པ་དང་། ༢༠༢༦ ལོའི་ཟླ་ ༥ པའི་ནང་སྲིད་འཛིན་ཊོམ་ཕུ་པེ་ཅིན་དུ་ཕེབས་སྐབས་ཞི་ཅིན་ཕིན་ཡང་བསྐྱར་མགྲོན་འབོད་བྱས་ཡོད། ཐུག་འཕྲད་དེའི་སྐབས་འབྲུ་རིགས་ཉོ་ཚོང་དང་ཚོང་འབྲེལ་གྱི་སྐོར་གྲོས་མོལ་དང་ཐག་གཅོད་བྱུང་ཡོད་པ་དང་། དེ་ནི་ཐེངས་འདིའི་གྲོས་མོལ་གྱི་རྨང་གཞི་ཆགས་ཡོད།

དེ་ནས་བཟུང་ཚོང་དོན་དཔོན་རིགས་ཚོས་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཞིག་རྒྱུན་འཁྱོངས་བྱས་ཡོད། དཔེར་ན། ཨ་རིའི་དངུལ་རྩིས་དྲུང་ཆེ་སྐུ་ཞབས་སི་ཀོ་ཊི་བེ་སེན་ཊི་ (Scott Bessent) དང་ཨ་རིའི་ཚོང་དོན་འཐུས་མི་ལྕམ་ཇེ་མི་སོན་གྷི་རི་ (Jamieson Greer) གཉིས་ཀྱིས་ལོ་འདིའི་ནང་རྒྱ་ནག་གི་སྲིད་བློན་གཞོན་པ་ཧེ་ལི་ཕིང་ (He Lifeng) དང་ཐེངས་མང་མཇལ་འཕྲད་བྱས་ཡོད། ཕྱི་ཟླ་ ༡ ནང་གི་དྷ་བྷོ་སི་གྲོས་ཚོགས། དེ་ནས་ཇི་ནི་ཝ་དང་སི་ཊོག་ཧོལམ་གྱི་ཚོགས་འདུ་བཅས་སུ་མཇལ་འཕྲད་བྱས།  དེ་བཞིན་སྐུ་ཞབས་བེ་སེན་ཊི་ཡིས་ཞི་ཅིན་ཕིང་མ་འབྱོར་བའི་ཉིན་ཤས་གོང་སྲིད་བློན་གཞོན་པ་ཧེ་ལི་ཕིང་དང་མཇལ་འཕྲད་མཐའ་མ་དེ་བྱེད་གཏན་ཁེལ་ཡོད། མཇལ་འཕྲད་དེ་ནི་དཔལ་འབྱོར་གྱི་གྲུབ་འབྲས་ཁག་གཏན་འབེབས་བྱེད་པ་དང་། སྲིད་འཛིན་གཉིས་མཇལ་འཕྲད་མ་གནང་གོང་མིས་བཟོས་རིག་ནུས (AI) གྱི་བདེ་འཇགས་སྐོར་ལ་གྲ་སྒྲིག་གི་གྲོས་མོལ་འགོ་འཛུགས་བྱེད་པའི་ཆེད་དུ་ཡིན་པ་རེད།

ཞི་ཅིན་ཕིན་གྱིས་འདི་ལོའི་ཟླ་ ༨ པའི་ཟླ་མཇུག་ཏུ་ཀིར་གྷི་སི་ཐན་དང་ཨི་ཇིབ་ཏུ་ཕྱི་འབྲེལ་ལས་དོན་བསྐྱངས་ཡོད་པ་དང་། པུ་ཊིན་དང་མཇལ་འཕྲད་བྱས་པ་མ་ཟད། ཟླ་ ༩ ཚེས་ ༡༢ ཉིན་རྒྱ་གར་དུ་འཚོགས་པའི་བྷི་རིཀ་སི་ (BRICS) ཚོགས་འདུ་བཅས་སུ་མཉམ་ཞུགས་བྱས་ཡོད། དེ་ནི་ཁོང་ཝ་ཤིང་ཊོན་ལ་མ་ཕྱིན་གོང་སྟོབས་ཤུགས་དང་གདམ་ཀ་གཞན་ཁག་བསྟན་པར་ངོས་འཛིན་བྱེད་ཀྱི་ཡོད།

གསར་འགྱུར་བརྒྱུད་ལམ་ (NPR) གྱིས་ཟླ་ ༩ ཚེས་ ༡༧ ཉིན་སྤེལ་བའི་གནས་ཚུལ་ལྟར་ན། གཟིགས་སྐོར་གྱི་ལས་དོན་ཁག་ད་དུང་ཐག་གཅོད་བྱེད་ཐུབ་མེད། དཔེར་ན། གསོལ་སྟོན་གྱི་གདན་ཐོབ་སྒྲིག་སྟངས་དང་། རྒྱ་ནག་གི་སྐུ་ཚབ་ཚོགས་ཆུང་ནང་མི་སྣ་སུ་ཞིག་སླེབས་མིན།  དེ་བཞིན་གྲོས་མོལ་གྱི་དུས་ཚོད་རེའུ་མིག་བཅས་གཞུང་ཕྱོགས་ནས་གཏན་འབེབས་བྱས་ཏེ་ཕྱིར་བསྒྲགས་བྱས་མེད། འོ་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་གཉིས་ཐུག་འཕྲད་སྐབས་གླེང་སློང་བྱེད་སྲིད་གནད་དོན་ག་ཚོད་ཡོད་དམ།

༡། སྒོ་ཁྲལ་གྱི་གནད་དོན་རྒྱུན་སྐྱོང་བྱ་རྒྱུ།

ད་ལྟའི་སྒོ་ཁྲལ་གྱི་གནས་བབ་འོག་ཡོད་པའི་ཆ་རྐྱེན་ཁག་ ༢༠༢༦ ལོའི་ཟླ་ ༡༡ ཚེས་ ༡༠ ཉིན་མཇུག་བསྒྲིལ་གྱི་ཡོད་རེད། འོན་ཀྱང་། གནས་བབ་འདིར་འཕར་ཆག་གི་འགྱུར་བ་འགྲོ་མི་དགོས་པར་རྒྱུན་སྐྱོང་བྱ་རྒྱུ་ནི་གྲོས་མོལ་གྱི་གཙོ་གནད་ཅིག་རེད།

༢། ཞིང་ལས་ཐོན་སྐྱེད་ཉོ་ཚོང་།

སྒོ་ཁྲལ་ཆག་ཡང་གི་གནད་དོན་ལས་བརྒལ་ཏེ། རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་ ༣༠ ཙམ་གྱི་རིན་ཐང་གི་ཨ་རིའི་སྲན་མ་གཙོས་པའི་ཞིང་ལས་ཐོན་སྐྱེད་ཉོ་རྒྱུ།

༣། བྷོ་ཨིང་ (Boeing) མངགས་ཉོ།

ད་བར་ཐོན་པའི་གནས་ཚུལ་ལ་གཞིགས་ན་རྒྱ་ནག་གིས་ཨ་རིའི་ ༧༣༧ MAX རྟགས་ཅན་གྱི་གནམ་གྲུ་ ༥༠༠ ཙམ་མངགས་ཉོ་བྱ་རྒྱུ་དེ་ཡིན། དེ་ནི་སྲིད་འཛིན་ཊོམ་ཕུ་ལ་མཚོན་ན་ཕྱི་ཟླ་ ༡༡ ནང་གི་བར་མའི་འོས་བསྡུའི་གོང་གི་ལས་དོན་གྱི་གྲུབ་འབྲས་ཤིག་ལ་བརྩི་ཆོག་པ་རེད།

༤། འཕྲུལ་རིག་ལག་རྩལ་ཕྱིར་ཚོང་གི་ཚོད་འཛིན།

པེ་ཅིན་གྱིས་ཨ་རིའི་གློག་རྡུལ་ཆིབ་ (chip) བཀག་སྡོམ་བྱེད་པའི་ཚོད་འཛིན་དེ་ལྷོད་དུ་གཏོང་དགོས་པའི་རེ་བ་བྱེད་ཀྱི་ཡོད། ཝ་ཤིན་ཊོན་གྱིས་པེ་ཅིན་གྱི་གཏེར་རྫས་དཀོན་རིགས་དང་གྷལ་ལི་ཡམ་ (gallium) ཕྱིར་ཚོང་བཀག་སྡོམ་བྱེད་པའི་ཚོད་འཛིན་དེ་ལྷོད་དུ་གཏོང་དགོས་པའི་རེ་བ་བྱེད་ཀྱི་ཡོད།

༥། མིས་བཟོས་རིག་ནུས་སྟངས་འཛིན་དང་བདེ་འཇགས།

སྐུ་ཞབས་བེ་སེན་ཊི་ཡིས་ཨེཀ་སི་ཨོ་སི་ (Axios) ཡི་གསར་ཁང་གི་བཅར་འདྲིའི་ནང་། མིས་བཟོས་རིག་ནུས་ཀྱི་བདེ་འཇགས་ཐད་འགན་མཉམ་ཁུར་བྱེད་པའི་ཐད་ནས་གྲོས་བསྡུར་བྱ་རྩིས་ཡོད་ཅེས་བཤད་འདུག་པ་དང་། ཨ་རིའི་མིས་བཟོས་རིག་ནུས་བཟོ་ཚོང་ཁང་་ཨོ་པེན་ཨེ་ཨའི་ (OpenAI) ཡི་སེམ་ཨོལ་ཊི་མེན་ (Sam Altman) དང་། ཨིན་ཝི་ཌི་ཡ་ (Nvidia) ཡི་ཇེན་སིན་ཧྭང་ (Jensen Huang) སོགས་གསོལ་སྟོན་ལ་མཉམ་ཞུགས་བྱེད་འཆར་གྱི་གནས་ཚུལ་ཐོན་འདུག་ལ། རྒྱ་ནག་གི་བྷི་ཡེ་ཌི་ (BYD) ཡི་ཝང་ཆུན་ཕུ་ (Wang Chuanfu) ཡང་ཞི་ཅིན་ཕིན་གྱི་སྐུ་ཚབ་ཚོགས་ཆུང་ནང་མཉམ་ཞུགས་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག

༦། ཐའེ་ཝན་གྱི་གནད་དོན།

རྒྱ་ནག་གིས་ཨ་རིའི་གཞུང་གིས་ཐེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་སྐོར་ཁ་གསལ་དུ་གཏོང་བའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད། གོ་མཚོན་གྱི་ཚོང་འབྲེལ་མཚམས་འཇོག་དགོས་པའི་རེ་བའང་བྱེད་ཀྱི་ཡོད།

༧། ཨི་རན།

རྒྱ་ནག་གིས་ཨི་རན་གྱི་སྣུམ་ཉོ་བ་དང་། དེ་བཞིན་དཔལ་འབྱོར་གྱི་ཉེས་ཆད་ལས་གཡོལ་ཐབས་བྱེད་པའི་ཚོང་འབྲེལ་ལས་དོན་མཚམས་འཇོག་དགོས་རྒྱུ།

༨། ཕེན་ཊ་ནིལ་ (Fentanyl)།

འདི་ནི་རྫས་གལ་ཆེན་ཞིག་ཡིན་པ་དང་། ཐོན་སྐྱེད་ཀྱི་ཡོང་ཁུངས་མང་ཆེ་བ་རྒྱ་ནག་ཡིན། ཨ་རིར་མཚོན་ན་འདི་དང་འབྲེལ་བའི་ཐོག་ནས་སྒོ་ཁྲལ་དང་ཚོང་དོན་འགྲིག་འཇགས་ཡོང་བ་གལ་ཆེན་པོ་ཆགས་ཡོད།

༩། རྒྱ་ནག་གིས་བཙན་བཟུང་་བྱས་པའི་ཨ་རིའི་མི་སེར།

ཕྱི་ལོ་ ༢༠༢༥ ཟླ་ ༦ རྒྱ་ནག་གིས་གསང་མྱུལ་བའི་ཉེས་མིང་བཏགས་ནས་བཙན་བཟུང་བྱས་པའི་ཁེ་ལི་ཕོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་མིན་ཛིན་ (Min Zin) སོགས་གློད་བཀྲོལ་ཡོང་བའི་རེ་བ།

༡༠། སྔོན་གྱི་ཁས་ལེན་ཁག་བསྐྱར་ཞིབ།

རྒྱ་ནག་གིས་ཟླ་ ༥ པའི་ནང་ཨ་རྒྱ་གཉིས་ཀྱི་མགོ་ཁྲིད་ཀྱི་ཐུག་འཕྲད་སྐབས་ཁས་ལེན་བྱས་པའི་གནད་དོན་ཁག་ལག་བསྟར་བྱས་ཡོད་མེད་བསྐྱར་ཞིབ་བྱ་རྒྱུ་དེ་རེད།  ཕྱི་ཟླ་ ༥ ནང་རྒྱ་ནག་གིས་ཁས་ལེན་བྱས་པའི་ཨ་རྒྱ་ཚོང་དོན་ལྷན་ཚོགས་དང་མ་འཇོག་ལྷན་ཚོགས་སོགས་མགོ་འཛུགས་བྱེད་མ་ཐུབ་པར་ལྷག་ཡོད།

ཨ་རིའི་གྲོས་མོལ་གྱི་ལག་ཆ་ཁག་ཅིག

༡། ཕྱི་ཟླ་ ༩ ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་ཀྱིས་ཨུ་རུ་སུའི་རྡོ་སྣུམ་དང་རླངས་རྫས་ཉོ་ཚོང་ཉེས་ཆད་ཁྲིམས་ཡིག་ཅིག་གཏན་འབེབས་གནང་ཡོད་པ་དང། དེས་ཨུ་རུ་སུའི་ནུས་ཤུགས་ཉོ་མཁན་གཙོ་བོ་ཚོར་བརྒྱ་ཆ་ ༡༠༠ ཡི་སྒོ་ཁྲལ་འགེལ་བའི་ཆོག་མཆན་སྤྲོད་ཀྱི་ཡོད་པ་དང་། རྒྱ་ནག་ནི་དེའི་ནང་གི་གཙོ་བོ་གཅིག་ཡིན་པ་མིང་འབོད་བྱས་ཡོད། ཁྲིམས་ཡིག་དེ་སྲིད་འཛིན་ཊོམ་ཕུ་ཡི་ལག་ཏུ་འབྱོར་བའི་ཉིན་བརྒྱད་ཀྱི་རྗེས་སུ་ཞི་ཅིན་ཕིན་ཝ་ཤིན་ཊོན་ལ་འབྱོར་གྱི་ཡོད།

༢། འདི་ལོའི་ཟླ་ ༡༢ པའི་ནང་ཨ་སྒོར་ཐེར་འབུམ་ ༡༡ ཙམ་གྱི་རིན་ཐང་ལྡན་པའི་ཨ་རིའི་གོ་མཚོན་ཐའེ་ཝན་ལ་འཚོང་འཆར་ཡོད་པ་དང་། ད་ལྟའི་ཆར་ཨ་རིའི་ཕོ་བྲང་དཀར་པོས་གནད་དོན་འདིར་བསྐྱར་ཞིབ་བྱེད་བཞིན་ཡོད། སྲིད་འཛིན་ཊོམ་ཕུ་ཡིས་གནད་དོན་འདི་གྲོས་མོལ་གྱི་ལག་ཆ་ཞིག་ཏུ་བརྩི་བཞིན་ཡོད།

༣། དེ་བཞིན་རྒྱ་ནག་ནང་མིས་བཟོས་རིག་ནུས་ཡར་རྒྱས་གཏོང་བར་མེད་དུ་མི་རུང་བའི་ཐོན་རྫས་ཁག་ཕྱིར་ཚོང་བྱེད་པར་ཚོད་འཛིན་བྱེད་ཀྱི་ཡོད་པ་དེའང་གྲོས་མོལ་གྱི་ལག་ཆ་ཞིག་ཡིན།

རྒྱ་ནག་གི་གྲོས་མོལ་གྱི་ལག་ཆ་ཁག་ཅིག

༡། རྒྱ་ནག་གིས་ཝ་ཤིན་ཊོན་གྱིས་ཐའེ་ཝན་ལ་གོ་མཚོན་བཙོངས་ཚེ་དེ་མ་ཐག་ཏུ་མཐོ་རིམ་གྲོས་མོལ་ཚོགས་འདུ་ཕྱིར་འཐེན་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད།

༢། ཉེ་བའི་ཆར་རྒྱ་ནག་གཞུང་གིས་ཤར་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐའེ་ཝན་གྱི་མཐའ་འཁོར་དུ་དམག་དོན་གྱི་ཧམ་འཛུལ་བྱེད་ཤུགས་ཆེ་རུ་བཏང་བའི་གནས་ཚུལ་ཐོན་ཡོད། ཐའེ་ཝན་རྒྱལ་ཁབ་བདེ་འཇགས་ལྷན་ཚོགས་ཀྱི་སློབ་སྟོན་པ་ཞིག་གིས་དེ་ནི་ ཨ་རྒྱ་གཉིས་ཀྱི་གྲོས་མོལ་སྐབས་རྒྱ་ནག་གིས་གྲོས་མོལ་ལག་ཆ་ཞིག་ཏུ་བཀོལ་སྤྱོད་བྱེད་སྲིད་པའི་དཔྱད་གླེང་བྱས་འདུག

༣། ཞི་ཅིན་ཕིན་གྱིས་ཕྱི་ཟླ་ ༨ པའི་ཟླ་མཇུག་གི་ཕྱི་འབྲེལ་སྐོར་སྐྱོད་དང་བྷི་རིཀ་སི་ (BRICS) ལ་མཉམ་ཞུགས་བྱས་པ་དེས། ཝ་ཤིན་ཊོན་ལ་བརྡ་ལན་ཞིག་བསྟན་པ་ཡོད་པ་དང་། རྒྱ་ནག་གིས་རྒྱ་གར་དང་ཨུ་རུ་སུ་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཁག་དང་མཉམ་འབྲེལ་བྱེད་འདུན་ཡོད་པ་དེའང་གྲོས་མོལ་གྱི་ལག་ཆར་བེད་སྤྱོད་གཏོང་སྲིད།

དུས་བབ་གསར་ཁང་གིས་སྤེལ།

The post ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ། appeared first on བོད་ཀྱི་དུས་བབ།.

Original Article