༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༤ ཉིན་དཔལ་འབྱོར་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་དུ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ཀྱིས་གློག་འཕྲུལ་ཡིག་ཚགས་ཐོན་རིམ་གཉིས་པ་དེ་བཞིན་དབུ་འབྱེད་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་དུ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དབུས་པའི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་། འབྲེལ་ཡོད་ལས་བྱེད་བཅས་ཚང་འཛོམགས་ཐོག་གློང་འཕྲུལ་ཡིག་ཚགས་ཀྱི་ཐོན་རིམ་གཉིས་པའི་དབུ་འབྱེད་མཛད་སྒོ་ཚོགས་གནང་ཡོད།
ཐོག་མར་དཔལ་འབྱོར་ཀམ་པུ་ཊར་སྡེ་ཚན་གྱི་ལས་བྱེད་བཀྲ་ཤིས་དཔལ་འབྱོར་ལགས་ཀྱིས་གློག་འཕྲུལ་ཡིག་ཚགས་ཐོན་རིམ་དང་པོ་དང་གཉིས་པའི་བྱུང་རིམ་དང་འབྲེལ་ནས། དཔལ་ལྡན་སྲིད་སྐྱོང་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཀམ་པུ་ཊར་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་བགྲོ་གླེང་ལྷུག་པོ་གནང་བའི་བརྒྱུད་གློག་འཕྲུལ་ཡིག་ཚགས་འདི་ཉིད་བཟོ་བསྐྲུན་གནང་འགོ་འཛུགས་པ་དང་། དེ་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༤ ཚེས་ ༡ ཉིན་གློག་འཕྲུལ་ཡིག་ཚགས་ཐོན་རིམ་དང་པོ་དེ་བཞིན་དབུ་འབྱེད་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་ཏུ་བཀོལ་སྤྱོད་གནང་འགོ་བཙུགས་ཡོད་སྐོར་གསུངས། དེ་བཞིན་ཀམ་པུ་ཊར་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་ཀྱང་བརྙན་ཆས་དེར་དགོས་མཁོ་ལ་གཞིགས་ཏེ་ཡར་རྒྱས་རབ་དང་རིམ་པ་བཏང་དང་གཏོང་མུས་ཡིན་པ་དང་། དབུས་དང་ས་གནས་འགོ་འཛིན་ལས་ཁུངས་ཁག་གི་འབྲེལ་ཡོད་ལས་བྱེད་རྣམས་ལ་གློག་འཕྲུལ་ཡིག་ཚགས་མཉེན་ཆས་ངོ་སྤྲོད་དང་བཀོལ་སྤྱོད་ཀྱི་སྦྱོར་བརྡར་ཕུལ་ཏེ་ལག་བསྟར་གནང་འགོ་བཙུགས་པ་མ་ཟད། ཐེངས་འདིར་གློག་འཕྲུལ་ཡིག་ཚགས་ཐོན་རིམ་གཉིས་པ་དབུ་འབྱེད་གནང་བའི་བརྒྱུད་མཉེན་ཆས་འདི་ཉིད་དངོས་སུ་བཀོལ་སྤྱོད་གནང་རྒྱུ་ཡིན་པ་བཅས་ངོ་སྤྲོད་སྙིང་བསྡུས་ཤིག་གནང་གྲུབ་མཚམས། དཔལ་འབྱོར་བཀའ་བློན་གྱང་གསར་ཚེ་རིང་དོན་གྲུབ་ལགས་ཀྱིས་གློག་འཕྲུལ་ཡིག་ཚགས་འདི་ཉིད་ཕྱི་ལོ་ ༢༠༢༢ ལོར་ལག་བསྟར་གནང་འགོ་བཙུགས་ཡོད་པ་དང་། གློག་འཕྲུལ་ཡིག་ཚགས་འདི་ཉིད་གློག་རྡུལ་འཛིན་སྐྱོང་ (E-Governance) གི་ཆ་ཤས་ཤིག་ཆགས་ཀྱི་ཡོད་སྐོར། དེ་བཞིན་སྐབས་ ༡༦ པའི་བཀའ་ཤག་ནས་སྒྲིག་འཛུགས་ཀྱི་དགོས་མཁོ་བཞིན་གློག་རྡུལ་འཛིན་སྐྱོང་ལ་དམིགས་པའི་ལས་གཞི་ཁག་གཅིག་འགོ་འཛུགས་དང་། ད་ལྟ་སྐབས་ ༡༧ པའི་བཀའ་ཤག་ནས་མཇུག་སྐྱོང་གནང་མུས་ཁྲོད། འབྲེལ་ཡོད་ལས་བྱེད་རྣམས་ནས་གློག་འཕྲུལ་ཡིག་ཚགས་བཀོལ་སྤྱོད་གནང་བའི་རིང་དཀའ་ངལ་འཕྲད་པ་དང་ཉམས་མྱོང་བཅས་ལ་གཞི་འཛིན་པའི་ཐོག་གློག་འཕྲུལ་ཡིག་ཚགས་ལ་འགྱུར་བ་དང་ལེགས་བཅོས་ཇི་དགོས་ཀྱིས། ཐེངས་འདིར་ཐོན་རིམ་གཉིས་པ་དེ་བཞིན་སྔར་དང་མ་འདྲ་བའི་སྤྱོད་སྒོ་བདེ་ཞིང་མྱུར་པོ་དང་ཚགས་ཚུད་ལྡན་པ་ཞིག་བཟོ་བསྐྲུན་གྱིས་ལག་བསྟར་གནང་འགོ་བཙུགས་ཀྱི་ཡོད་པར་སོང་། འབྲེལ་ཡོད་ལས་བྱེད་རྣམས་ནས་འཐུས་ཚང་ཡོང་ཐབས་དགོས་སྐོར་གསུངས་ཡོད། གློག་འཕྲུལ་ཡིག་ཚགས་ལས་གཞི་དེ་དབུས་ལས་ཁུངས་ཁག་ཙམ་མ་ཡིན་པར། འདི་ལོ་ཕྱི་ཟླ་ ༤ ནས་བཟུང་ཁྱབ་ཁོངས་ས་གནས་ཁག་ཏུའང་ལག་བསྟར་འགོ་འཛུགས་གནང་ཟིན་ཡོད་པ་བཅས་འགྲེལ་བརྗོད་གནང་ཡོད།དེ་རྗེས་ཀམ་པུ་ཊར་སྡེ་ཚན་གྱི་ལས་བྱེད་བསྟན་འཛིན་ཚེ་བཟང་ལགས་ཀྱིས་ད་ལྟའི་གློག་འཕྲུལ་ཡིག་ཚགས་ཐེངས་གཉིས་པ་འདི་ཉིད་འཚོལ་བཤེར་དང་སྤྱོད་སྒོ་བདེ་ཞིང་མྱུར་པོ་ཡོད་པ་གང་ཞིག ཡིག་ཚགས་གསོག་ཉར་དང་འབྲེལ་ལམ་ཇེ་བརྟན་དུ་གཏོང་བའི་ཁྱད་ཆོས་གསར་པ་ཁག་གཅིག་གསར་སྣོན་དང་ལེགས་བཅོས་གནང་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་། སླད་མ་འོངས་པར་གློག་འཕྲུལ་ཡིག་ཚགས་ཐོན་རིམ་གསུམ་པ་དེ་བཞིན་སྔར་ལྷག་དགོས་མཁོ་ལ་གཞིགས་ཏེ་ཁྱད་ཆོས་གསར་པ་ཁག་གཅིག་བཟོ་བསྐྲུན་གནང་རྒྱུ་ཡིན་པ་བཅས་གསུངས་གྲུབ་མཚམས། མཉམ་ཞུགས་པ་རྣམས་ནས་དེ་འབྲེལ་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གནང་བཤད་གནང་ཡོད།
དེ་ནས་ཀམ་སྤུ་ཊར་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་ནས་རྒྱུན་མཐུད་བསམ་ཚུལ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཀམ་པུ་ཊར་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས། །





