དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གི་ཀ་སྦུག་ས་གནས་སུ་འཚམས་གཟིགས་གནང་བ།

4 hours ago

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦  ཟླ་བ་ ༡༡ ཚེས་ ༢ ཉིན་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་རྡོར་གླིང་ནས་ཀ་སྦུག་ཕྱོགས་ཐོན་གྱིས་ཀ་སྦུག་ཏུ་རྟེན་གཞི་བྱས་པའི་དགའ་ལྡན་ཐར་པ་ཆོས་གླིང་དགོན་པར་བཞུགས་བཞག་གནང་བ་དང་། ཕྱི་ཚེས་ ༣ ཉིན་ཐོག་མར་དགའ་ལྡན་ཐར་པ་ཆོས་གླིང་དགོན་པའི་འགྲེམས་སྟོན་ཁང་དང་དཔེ་མཛོད་ཁང་དུ་གཟིགས་སྐོར་ཕེབས་རྗེས་དགོན་པའི་འདུ་ཁང་ནང་མཆོད་མཇལ་དུ་ཕེབས་ཡོད།

དེ་ནས་ཀ་སྦུག་སཾ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་སུ་ཕེབས་ཤིང་། སློབ་གྲྭའི་ཞོགས་ཚོགས་ཀྱི་ལས་རིམ་དང་སློབ་ཕྲུག་ཁག་གཅིག་གིས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་ནས་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན། བོད་ནང་རྒྱ་ནག་གཞུང་གིས་བཙན་དབང་འོག་བོད་པའི་ཕྲུ་གུ་རྣམས་རྒྱ་ནག་གི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭར་བཙན་ཁྲིད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ལག་བསྟར་གྱིས་བོད་ཀྱི་རིག་གཞུང་བཙན་སྒྱུར་གཏོང་བཞིན་པར། བཙན་བྱོལ་རང་དབང་ལུང་པའི་ནང་གནས་བཞིན་པའི་བོད་མི་ཡོངས་ཀྱིས་སོ་སོའི་མི་རིགས་རྩ་བ་སྐད་དང་ཡི་གེ་གཉིས་པོར་གཅེས་སྲུང་གནང་དགོས་པ་དང་། དགེ་རྒན་རྣམས་ནས་སློབ་ཁྲིད་གནང་སྐབས་བོད་སྐད་གཙང་མ་སྐྱོན་གལ་དང་། དགེ་རྒན་རྣམས་ནས་སོ་སོའི་སྒོ་གསུམ་གྱི་ཀུན་སྤྱོད་སློབ་ཕྲུག་རྣམས་ལ་མིག་དཔེ་འོས་པ་ཞིག་གནང་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་སློབ་གྲྭའི་ནང་དུ་བོད་ཡིག་གཅེས་སྲུང་དང་འབྲེལ་བའི་ལས་གཞི་གང་མང་སྤེལ་ཐབས་ཡོང་བའི་འབོད་སྐུལ་ཞུས་ཡོད།དེ་ནས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན། སློབ་ཕྲུག་རྣམས་ནས་སློབ་གྲྭར་ཡོང་དགོས་པའི་དགོས་པ་དང་དམིགས་ཡུལ་ཤེས་པའི་ཐོག་ནས་དགེ་རྒན་ལས་བྱེད་རྣམ་པའི་ཞལ་ལ་ཉན་པོ་ཞུ་དགོས་པའི་་ཐོག་ནས་རང་དགོས་སློབ་སྦྱོང་ལ་ཧུར་བརྩོན་དགོས་པ་དང་། སློབ་གྲྭའི་སྒྲིག་གཞིར་བརྩི་སྲུང་། དེ་བཞིན་སོ་སོ་འདོད་མོས་ཡོད་པའི་སློབ་ཚན་ཁག་ལ་ད་ལྟ་ནས་ཤུགས་བསྐྱོན་ཏེ་མ་འོངས་པར་སློབ་ཚན་དེ་གའི་ཐོག་རིག་གཅིག་རྐང་འཛིན་དང་འབུམ་རམས་པ་ཐོན་ཐུབ་པའི་གྲ་སྒྲིག་གནང་དགོས་པ། སློབ་སྦྱོང་ཡག་པོ་བྱེད་པར་འཕྲོད་བསྟེན་ལ་ངེས་པར་དུ་དོ་སྣང་དགོས་པ། ལྷག་པར་བཟས་བཅུད་བསྟེན་ཚུལ་ལ་དམིགས་བསལ་གྱིས་ཐུགས་སྣང་གནང་བའི་ཐོག་ནས་འཕྲོད་བསྟེན་ལ་བདག་གཅེས་གནང་གལ་སྐོར་ལ་ལམ་སྟོན་གནང་གྲུབ་མཚམས་སློབ་གྲྭའི་སྡེ་ཚན་སོ་སོ་དང་། འཛིན་ཁང་། དེ་བཞིན་ཉལ་ཁང་སོགས་སུ་གཟིགས་སྐོར་དུ་ཕེབས་རྗེས་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དགོན་པ་དང་། དཔལ་ལྡན་སྲད་རྒྱུད་གྲྭ་ཚང་། ཟེ་དཀར་ཆོས་སྡེ་སྐྱིད་ཚལ་གླིང་བཅས་ལ་མཆོད་མཇལ་ཕེབས་ཏེ། དགོན་པའི་ལས་སྣེ་རྣམས་ལ་ད་རེས་ས་གནས་སུ་ཕེབས་དགོས་དོན་དང་། ཕྱི་དངུལ་ལེན་བེད་ཆོག་པའི་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ལ་དུས་ཐོག་ཐུགས་སྣང་གནང་གལ། ཕྱོགས་མཐའ་ཁག་ནས་དགེ་འདུན་གསར་ཞུགས་བསྡུ་བསྐོང་གནང་སྐབས་ཕ་མའི་མོས་མཐུན་ཡོད་པའི་ཡི་གེ་དང་། ས་གནས་སོ་སོའི་གཞུང་གི་ལས་ཁུངས་ནས་རྒྱབ་གཉེར་སོགས་ཡིག་ཆ་ཡག་པོ་ཉར་ཚགས་གནང་གལ། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་བོད་ཀྱི་གྲངས་འཛིན་དཔེ་མཛོད་དང་། གནས་སྐོར་མཉེན་ཆས་གཉིས་པོ་ངོ་སྤྲོད་གནང་བ་སོགས་བཀའ་བསྡུར་ལྷུག་པོ་གནང་།དེ་ནས་ས་གནས་ཀྱི་ཚོགས་སྡེ་ཁག་ཐུན་མོང་ནས་ཉིན་གུང་གསོལ་ཚིགས་ལ་མགྲོན་འབོད་བཞིན་ཆེད་ཕེབས་གནང་། གསོལ་ཚོགས་གྲུབ་རྗེས་ས་གནས་མ་ཎི་ལྷ་ཁང་ནང་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན། ཆོས་རིག་བཀའ་བློན་མཆོག་ཇཡ་གཱཾཝ་ལ་ས་སྐྱ་ཕུན་ཚོགས་ཕོ་བྲང་ནས་དཔལ་ས་སྐྱ་༸སྐྱབས་རྗེ་གོང་མ་ཡབ་སྲས་གསུམ་ལ་བརྟན་བཞུགས་བསྟར་འབུལ་བཅར་རྗེས་རྡོར་གླིང་དང་ཀ་སྦུག་ས་གནས་བཅས་སུ་ཆོས་རིག་ཁྱབ་ཁོངས་དགོན་སྡེ་ཁག་ལ་མཆོད་མཇལ་དང་སྦྲགས། ས་གནས་ཀྱི་སྡེ་ཚན་ཁག་ལ་འཚམས་གཟིགས་དང་མི་མང་ཐུག་འཕྲད་ཆེད་ཕེབས་སྐོར་ངོ་སྤྲོད་གནང་།

 

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགོངས་པ་ཆེ་བཞེད་ཀྱིས་བཙན་བྱོལ་ནང་འབྱོར་མ་ཐག་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་རུབ་སྡོད་བོད་མིའི་གཞིས་ཆགས་ཟུར་བཙུགས་དང་། དེ་བཞིན་བོད་ཕྲུག་རྣམས་ནས་རིག་གཞུང་དང་སྐད་ཡིག་སློབ་ཆེད་བོད་པའི་སློབ་གྲྭ་ཟུར་བཙུགས་གནང་བའི་སྐོར་དང་། ༸སྐུ་མདུན་གྱི་བཀའ་དྲིན་ལས་བཙན་བྱོལ་བོད་མི་རྣམས་ཀྱི་འཚོ་བ་ཡར་རྒྱས་ཇི་ལྟར་ཕྱིན་ཡོད་པའི་སྐོར་གསུངས།དེ་ནས་བཀའ་ཤག་སྐབས་ ༡༧ པའི་ཕྱག་ལས་གནང་ཕྱོགས་ངོ་སྤྲོད་གནང་དོན། སྐབས་ ༡༧ པའི་བཀའ་ཤག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་ཕྱག་ལས་གནང་རྒྱུ་དང་། གཞིས་ལུས་བོད་མི་རྣམས་ནས་ང་ཚོར་ཇི་ལྟར་ཐུགས་རེ་དང་ཡིད་ཆེས་གནང་བ་བཞིན་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཐུགས་ཕམ་མི་ཡོང་བ། དེ་བཞིན་འཛིན་སྐྱོང་ལས་དོན་རྣམས་ཁྲིམས་དང་སྒྲིག་གཞི་གཙོ་བཟུང་གིས་སྒྲུབ་ཐབས་གནང་རྒྱུ། མང་གཙོའི་ཀ་བ་གསུམ་གྱི་སྐུ་དབང་ཆ་བགོས་གཅིག་མཚུངས་བཞིན་ལྗིད་སྙོམས་སྟངས་འཛིན་ལ་བརྩི་བཀུར་ཞུས་པའི་ཐོག་ནས་ལས་དོན་རྣམས་གཉེར་རྒྱུ། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་ཕྱག་ལས་གནང་ཕྱོགས་ཐད་འཛིན་སྐྱོང་བཀའ་ཤག་ངོས་ནས་ཐེ་བྱུས་བྱ་རྒྱུ་མིན་པ། དེ་ནས་ཆབ་སྲིད་ལངས་ཕྱོགས་ངོ་སྤྲོད་གནང་དོན། ད་ལྟ་བོད་མིའི་སྒྲིག་འཛིགས་ཀྱི་སྲིད་བྱུས་ལངས་ཕྱོགས་ནི་༸རྒྱལ་བའི་དགོངས་བཞེད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཤར་བསྐྱོད་བྱ་རྒྱུ་དམ་བཅའ་བརྟན་པོ་ཡོད་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་འབངས་ཡོངས་ལ་མང་གཙོ་གསོལ་རས་བཀའ་དྲིན་སྩལ་བ་བཞིན། མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཡོང་ངེས་ལྟར་ལྟ་བ་ལངས་ཕྱོགས་མི་མཐུན་པར་ནང་ཁུལ་ཕན་ཚུན་སྡང་ཟུག་གིས་འཁྲུག་རྩོད་བྱེད་དགོས་དོན་མེད་པ་ལྟར་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ནུས་པ་མཉམ་སྤུངས་གནང་གལ།

དེ་བཞིན་བོད་མིའི་ཆོས་ཚོགས་ཐེངས་ ༡༥ པའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན་བཞིན་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་འགན་དབང་ཡོངས་རྫོགས་དགའ་ལྡན་ཕོ་བྲང་ལས་གཞན་གཞུང་སྒེར་སུ་ལའང་དབང་ཆ་མེད་ཞེས་ཕེབས་ཡོད་སྐོར། དེ་བཞིན་བོད་ཀྱི་གྲངས་འཛིན་དཔེ་མཛོད་དང་། གནས་སྐོར་མཉེན་ཆས་བཅས་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་རྒྱ་ཆེ་བ་གཉིས་ངོ་སྤྲོད་གནང་།རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཅེས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྒོ་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་གཏོང་ཐབས་བྱེད་བཞིན་པར། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཉེ་ཆར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གནང་ཕྱོགས་ཀྱི་ལམ་སྟོན་ཞིག་གསལ་བསྒྲགས་བསྐྱང་དོན་བཞིན། ས་གནས་སུ་དེ་འབྲེལ་ལས་གཞི་སྣ་མང་ངེས་སྤེལ་དགོས་པ་དང་། ཕ་མ་ཚོས་ཐུགས་འགན་ཆེ་བཞེས་ཀྱིས་སོ་སོའི་ཁྱིམ་ནང་བོད་སྐད་བསྐྱོན་ཐབས་གནང་གལ།

དེ་བཞིན་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་དེ་སྔོན་བཀའ་དྲུང་ལོ་བདུན་གནང་བའི་བརྒྱུད་རིམ་ནང་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་ལ་ལུང་ཞུ་ཐེངས་ ༡༤ སྙན་སྒྲོན་ཞུས་འབྲས་སུ་བཀའ་ལུང་ཕེབས་དོན་ཕལ་མོ་ཆེའི་ནང་བོད་མིའི་སྤྱི་མཐུན་བསོད་ནམས་དམན་པས་ཞབས་རིམ་སྒྲུབ་དགོས་ཁག་དགོན་སྡེ་གྲྭ་ཚང་དང་མི་མང་རྣམས་ལ་སྒྲུབ་བསྐུལ་ཞུ་བཞིན་པར་བོད་མི་ཚང་མས་དེ་ལ་གལ་ཆེན་དོན་ཆེན་བརྩིས་ཐོག་སྒྲུབ་དགོས་སྐོར་གསུངས།

ཕྱོགས་མཚུངས་མི་རབས་རྒན་པ་རྣམས་ནས་སོ་སོའི་ཕྲུ་གུ་དང་གཉེན་ཚན་རྣམས་ལ་དུས་ཐོག་གཉེན་སྒྲིག་གིས་ཕྲུ་གུ་སྐྱེ་ཐབས་གནང་དགོས་པ་སོགས་མི་རིགས་འཕེལ་རྒྱས་ཐོག་ཐུགས་སྣང་གནང་དགོས་པའི་སློབ་གསོ་བསྐྱོན་གནང་ཡོང་བའི་འབོད་བསྐུལ། དེ་བཞིན་ཕྲུ་གུ་སྐྱེ་ཚད་ཉུང་དུ་འགྲོ་བཞིན་པ་དང་། བོད་ནས་ཕེབས་མཁན་ཉུང་དུ་ཕྱིན་པ། བཙན་བྱོལ་བོད་མི་གཞོན་སྐྱེས་མང་དག་ཅིག་ཕྱི་རྒྱལ་དུ་གནས་སྤོས་བྱེད་བཞིན་པ་བཅས་ཀྱི་གནས་སྟངས་རྐྱེན་པས་དགོན་སྡེ་གྲྭ་ཚང་ནང་གྲྭ་ཞུགས་གསར་པ་གནང་མཁན་ཧ་ཅང་ཉུང་དུ་ཕྱིན་པ་དང་། བོད་པའི་སློབ་གྲྭ་མང་པོ་ཞིག་སྒོ་རྒྱག་དགོས་པའི་གནས་སྟངས། དེ་བཞིན་བོད་མིའི་དང་ཞབས་དམག་སྒར་ནང་འཛུལ་མཁན་ཉུང་བའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་གསུངས་རྗེས་མི་མང་ནས་དྲི་བ་ཕེབས་པ་ཁག་ལ་ལན་འདེབས་གནང་སྟེ་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་ལས་རིམ་ལེགས་པར་གྲུབ།

དེ་རྗེས་ཀ་སྦུག་གཡུ་ལོ་བཀོད་རྒས་གསོ་ཁང་དུ་གཟིགས་སྐོར་གྱིས་བགྲེས་སོང་རེ་རེ་བཞིན་ཐུག་འཕྲད་གནང་སྟེ་མ་ཎི་གང་མང་གསོག་སྒྲུབ་དང་སྨོན་ལམ་ཡག་པོ་བསྐྱོན་དགོས་འབོད་སྐུལ་གནང་རྗེས་ས་འཐུས་ཚོགས་ཁང་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་། ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་འཚམས་གཟིགས་གནང་གྲུབ་རྗེས་ཀ་སྦུག་ནས་ཐོན་ཏེ་ལམ་བར་ཨལ་གྷ་ར་རྒྱུད་སྟོད་གྲྭ་ཚང་དང་། ཨོ་རྒྱན་སྨིན་གྲོལ་བསམ་གཏན་གླིང་དགོན་པ་བཅས་ལ་མཆོད་མཇལ་ཕེབས་ཡོད་པ་བཅས།།

Original Article