དེང་དུས་ཀྱི་སློབ་གཉེར་ལ་རིགས་ལམ་གྱི་ཕན་ཐོགས།
དུན་ཕྲག་གཅིག་གི་རིང་ས་རཱ་མཐོ་སློབ་ཏུ་འདི་ལོའི་རིགས་ལམ་འདུ་འཛོམས་ཆེན་མོ་འཚོགས་བཞིན་ཡོད་ཅིང་། འདུ་འཛོམས་དེའི་ནང་རྡ་རམ་ས་ལ་དང་རྡེ་ར་ལྡུན་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་དང་། ལ་དྭགས་བོད་ཁྱིམ། རྡོ་ལན་ཇི་སམ་བྷོ་ཊ་སློབ་གྲྭ། མ་སུ་རི་བོད་ཁྱིམ་སོགས་སློབ་གྲྭ་ ༡༥ ནས་སློབ་ཕྲུག་ ༡༡༤ དང་། ལྟ་གྲུབ་དགེ་རྒན་ ༡༥ བཅས་ཁྱོན་མི་གྲངས་ ༡༣༠ ཙམ་ལྷན་འཛོམས་གནང་འདུག
རྩ་བའི་རིགས་ལམ་འདུ་འཛོམས་ཆེན་མོ་འདི་ནི། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ལོར་ཐོག་མར་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། དེ་ཡང་རྒྱ་གར་དང་བལ་ཡུལ་གཉིས་ནང་ཡོད་པའི་གཏན་ཉིན་སློབ་གྲྭ་ཁག་ཡོངས་རྫོགས་སྡེ་ཚན་བཞི་རུ་དབྱེ་ནས། སྡེ་ཚན་གཉིས་རེས་ལོ་རེར་རེས་མོས་ཀྱིས་ས་ཁུལ་ཁག་གི་སློབ་མ་མཉམ་འཛོམས་ཐོག་རིགས་ལམ་འདུ་འཛོམས་ཆེན་མོ་འདི་ཚོགས་སྲོལ་ཡོད། འདིས་རིགས་ལམ་སློབ་གཉེར་བྱེད་མཁན་གྱི་སློབ་ཕྲུག་ཚོར་སློབ་ཚན་གཞན་དག་སྦྱང་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་འདུག





