དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ལེགས་པར་མཇུག་སྒྲིལ་བ།

4 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༤ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༨ ཚེས་ ༡༧ ནས་ ༢༤ བཅས་ཉིན་གྲངས་བརྒྱད་རིང་གོ་སྒྲིག་ཞུས་པའི་དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་མཇུག་སྒྲིལ་ཡོད།

དེ་ཡང་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་པདྨ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། སློབ་སྤྱི་གཞོན་པ་དགེ་བཤེས་འཇིགས་མེད་བློ་གྲོས་ལགས། ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་དངོས་གྲུབ་བསྟན་པ་ལགས། དེ་བཞིན་སློབ་གྲྭ་ཁག་བཅོ་ལྔའི་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་ཕོ་མོ་བཅས་ཁྱོན་མི་གྲངས་ ༡༢༩ ལྷག་མཉམ་ཞུགས་གནང་ཡོད།

མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ནས་འགོ་འཛུགས་ཀྱིས་ལོ་སྟར་ཆགས་རིགས་ལམ་འདུ་འཛོམས་འདི་ལྟ་བུ་གོ་སྒྲིག་གནང་དང་གནང་མུས་ཡིིན་པ་དང་། རིགས་ལམ་འདུ་འཛོམས་འདི་ཉིད་གོ་སྒྲིག་གནང་དགོས་པའ་ིདམིགས་ཡུལ་འབྲེལ། ཉིན་གྲངས་བརྒྱད་རིང་གི་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་ཡོད།དེ་རྗེས་སློབ་གྲྭ་ཁག་ནས་སྐར་མ་ལྔ་རེའི་རྟགས་གསལ་སྤྱན་འབུལ་ཞུས་གྲུབ་རྗེས་མཉམ་ཞུགས་གནང་མཁན་སློབ་ཕྲུག་གི་སྐུ་ཚབ་གསུམ་དང་ལྟ་གྲུབ་དགེ་རྒན་གྱི་སྐུ་ཚབ་གཅིག་ནས་རིགས་ལམ་འདུ་འཛོམས་ཀྱི་མྱོང་ཚོར་དང་འབྲེལ། སློབ་ཕྲུག་རྣམས་ནས་ད་བར་རིགས་ལམ་སློབ་ཁྲིད་བརྒྱུད་སོ་སོ་རང་ཉིད་ལ་ཡར་རྒྱས་དང་ཕན་ཐོགས་ཇི་ཞིག་བྱུང་ཡོད་མེད་དང་། མ་འོངས་པར་ཡར་རྒྱས་ཅི་ཞིག་བཏང་དགོས་མིན་ཐོག་སོ་སོའི་བསམ་ཚུལ་མཉམ་སྤྱོད་ཀྱིས། ཤེས་རིག་ལས་ཁུངས་ནས་གོ་སྐབས་བཟང་པོ་འདི་ལྟ་བུ་གནང་བར་ཐུགས་རྗེ་ཆེ་ཞུས་གྲུབ་བསྟུན། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་དགེ་བཤེས་འཇིགས་མེད་བློ་གྲོས་ལགས་ནས་རིགས་ལམ་འདུ་འཛོམས་ཀྱི་ལས་རིམ་རྟོག་ཞིབ་གནང་བའི་སྙན་ཐོ་དང་འབྲེལ། རིགས་ལམ་འདུ་འཛོམས་འདིའི་བརྒྱུད་སློབ་མ་རྣམས་ལ་རིགས་ལམ་ཐོག་གོ་རྟོགས་ཆེན་པོ་ཐོབ་ཡོད་པ་དང་། ལྟ་གྲུབ་དགེ་རྒན་དང་སློབ་མ་རྣམས་ནས་མ་འོངས་གནད་དོན་ཇི་ཞིག་གི་ཐོག་ཡར་རྒྱས་གཏོང་དགོས་མིན་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད།

དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་ལྷ་གྲུབ་དགེ་རྒན་རྣམས་ལ་མཇལ་དར་དང་སློབ་ཕྲུག་རྣམས་ལ་ལག་འཁྱེར་ཕུལ་གནང་རྗེས། ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་ནས་གསུང་བཤད་གནང་དོན། སྤྱིར་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་ཁྲིད་གནང་རྒྱུའི་ལམ་སྲོལ་བཟང་པོ་འདི་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭ་ཁག་གི་ནང་རིགས་ལམ་སློབ་ཁྲིད་ཀྱི་གལ་གནད་ཐོག་བཀའ་སློབ་རབ་དང་རིམ་པ་ཕེབས་བཞིན་པ་གཞི་རིམ་སློབ་གྲྭ་ཁག་ནང་ལྟ་གྲུབ་དགེ་རྒན་བཀོད་སྒྲིག་གིས་སློབ་ཕྲུག་རྣམས་ལ་རིགས་ལམ་སློབ་ཁྲིད་གནང་དང་གནང་མུས་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཞིང་།བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་བཞིའི་ཡ་གྱལ་རང་དབང་དང་རིགས་ལམ་དབར་འབྲེལ་བ་ཆེན་པོ་ཆགས་ཡོད་པ་ནི། སློབ་ཕྲུག་ཚོས་ཤེས་བྱའི་གནད་གང་ཞིག་ཡིན་ཡང་གཞན་བཤད་རྗེས་སུ་འབྲང་པ་མ་ཡིིན་པར་སོ་སོའི་རྣམ་དཔྱོད་རྩལ་སྤྲུགས་ཀྱིས་དཔྱད་པ་བྱེད་དེ་རྒྱུ་མཚན་དང་བསམ་ཚུལ་དྲངས་ནས་ལེགས་ཉེས་དབྱེ་བ་འབྱེད་ཐུབ་པའི་བསམ་བློའི་རང་དབང་ལྡན་པ་ཞིག་དགོས་ཀྱི་ཡོད་པ་དང་མཚུངས་ཀྱི་ཡོད་གསུངས་པ་དང་། དེ་བཞིན་རིགས་ལམ་ནི་ཤེས་ཡོན་སྲིད་བྱུས་ནང་དུའང་གལ་གནད་ཅན་ཞིག་ཏུ་ངོས་འཛིན་བྱེད་བཞིན་པར་སོང་། སློབ་མ་རྣམས་ནས་མུ་མཐུད་རིགས་ལམ་ལ་ཐུགས་སྣང་ཤུགས་ཆེ་གནང་དགོས་གལ་ཡིན་པ་གསུངས།

ཕྱོགས་མཚུངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལས་བཙན་བྱོལ་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད་པ་ཡིན་ནའང་། ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཆགས་བཞིན་པ་དང་འབྲེལ་རྒྱ་ནག་གིས་བོད་མི་རིགས་རྩ་གཏོར་སླད་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་དང་བྱེད་མུས་ཡིིན་པ་འགྲེལ་བརྗོད་ཀྱིས། ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་གནང་བའི་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་སྔར་ལྷག་རྩ་མེད་བཟོ་བཞིན་པ་གསལ་སྟོན་གནང་སྟེ། བཙན་བྱོལ་དུ་གནས་པའི་བོད་པའི་སློབ་ཕྲུག་རྣམས་ནས་གོ་སྐབས་དང་མཐུན་རྐྱེན་བཟང་པོ་དེ་ཉིད་དམ་འཛིན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་སྲུང་སྐྱོབ་སླད་འབད་འབུངས་གནང་དགོས་པའི་ལམ་སྟོན་གནང་ཡོད།

མཐར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དྲུང་ཡིག་སྨིན་ལེགས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཇུག་བསྡོམས་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས། །

Original Article