བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༥༣ སྟེང་གི་རྩོམ་སྒྲིག་པའི་གཏམ།
སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་སྐོར་མ་ཎི་བགྲང་བགྲང་བྱས་ནས་བཤད་བསྡད་པ་རེད། རྒྱ་གཞུང་གིས་སྐད་ཆ་འདིར་བདག་པོ་བརྒྱབ་སྟེ། བོད་མི་རིགས་ཀྱི་སྲོག་རྩའི་སྒང་ལ་གྲི་དང་སྟ་རེ་འཕྱར་ནས་གསོད་རྐྱང་བྱས་དང་བྱེད་མུས་རེད། ད་ཧ་ལམ་ཆ་ཚང་བསད་ཟིན་པ་ལྟ་བུ་རེད།
རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ཐོག་དམག་དྲངས་ནས་ཡོང་དུས། དཔའ་ཁེར་རྒྱུག་བྱེད་མཁན་གཅིག་ནི། བོད་ཀྱི་སློབ་གསོ་བ་གྲགས་ཅན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་རེད། ཉིན་ཤས་སྔོན་ཁོང་གིས་གསར་དུ་བཙུགས་པའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་སྒོ་བརྒྱབ་པའི་གནས་ཚུལ་ཐོས་སྐབས། ཐོག་མར་ངའི་ཡིད་ལ་ཤར་བ་ནི་དགེ་རྒན་ཁོང་རེད། བསམ་བློ་གཏོང་གིན་གཏོང་གིན་ཁོང་ནི། བྱེ་ཐང་གི་སེང་གེ་(Lion of the Desert) ཞེས་པའི་ལོ་རྒྱུས་གློག་བརྙན་ནང་གི་མི་སྣ་གཙོ་བོ་ཨོ་མར་མུག་ཏར་(Omar Mukhtar) དང་འདྲ་པོ་འདུག་དྲན་སོང་། ཁོང་ནི་ཨི་ཊ་ལིའི་དམག་མིས་ལི་བྷི་ཡར་བཙན་འཛུལ་བྱས་ནས་ཡོང་སྐབས་ལག་མ་འཁེལ་བར་ལྷག་པའི་དགེ་རྒན་ཞིག་སྟེ། འཇབ་དམག་གི་ཚུལ་དུ་ལོ་ངོ་ཉི་ཤུ་ལྷག་གི་རིང་རི་མགོར་བུད་ནས་དགྲ་བོར་ཁ་གཏད་བཅགས་པ་རེད། གློག་བརྙན་འདིའི་རྒྱབ་ལྗོངས་དང་། གློག་བརྙན་འདིའི་ནང་གི་མི་སྣ་གཙོ་བོ་སོགས་བོད་ཀྱི་ད་ལྟའི་ལས་དབང་ལ་སྦྱར་ན་འདྲ་ས་མང་པོ་ཡོད་རེད།
བོད་ཀྱི་སྐད་ཡིག་གི་ལས་དབང་ལ་དོན་དམ་པའི་སེམས་ཁུར་བྱས་ཏེ། དཀའ་སྤྱད་སྡུག་རུས་རབ་དང་རིམ་པ་བྱས་ནས་སྐད་ཡིག་གི་སྲོག་གི་དབང་པོ་སྐྱོབ་ཐབས་བྱེད་མཁན་མང་པོ་ཡོད་པའི་ཁྲོད་ནས་གོང་དུ་བཀུར་འོས་པ་ཞིག་ནི་དགེ་རྒན་འཇིགས་མེད་རྒྱལ་མཚན་ལགས་རེད། ཁོང་གིས་མི་ཚེ་ཧྲིལ་པོར་འབད་འབུངས་ལྷོད་མེད་བྱས་ནས་གསར་འཛུགས་བྱས་པའི་སློབ་གྲྭ་གཉིས་ཀ་བཙན་གྱིས་སྒོ་བརྒྱབ་པས། བོད་ཁམས་ཡོངས་ཀྱི་གཞོན་སྐྱེས་མང་པོ་ཞིག་གི་སྐད་ཡིག་གི་སྦྱོང་སྐལ་ཆད་པ་རེད། འདི་ནི་བཀྲེས་ལྟོགས་ཀྱིས་མནར་བའི་མི་ཞིག་གི་ཟས་སྐལ་ཆད་པ་དང་ཨ་ན་མ་ན་རེད།
ད་ང་ཚོས་ཅི་བྱ། ང་ཚོས་བྱེད་ཐུབ་པ་ཞིག་ཡོད་དམ། བོད་ཁུལ་ལ་མཚོན་ན། དེ་སྔ་ཕ་མ་ཚོས་བུ་ཕྲུག་སློབ་གྲྭར་མི་གཏོང་བའི་དཀའ་ངལ་རེད། ད་ལྟ་སློབ་གྲྭར་གཏོང་འདོད་ཀྱང་བོད་སྐད་བོད་ཡིག་གི་སློབ་གྲྭ་གཤའ་མ་ཞིག་མེད་པའི་དཀའ་ངལ་རེད། ལོ་ཤས་སྔོན་དུ་བོད་ནང་གི་སློབ་གསོ་དང་འབྲེལ་བའི་ཚོགས་འདུ་ཞིག་གི་ཐོག་ཏུ་བོད་ཀྱི་སློབ་གསོ་བ་ཞིག་གིས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་ཕྱོགས་ཀྱི་ཐད་ནས་སྡོམ་ཚིག་འདི་འདྲ་ཞིག་བརྒྱབ་ཡོད། ཁོང་གི་སྐད་ཆ་ནི་འདྲི་འདྲ་རེད། ད་ཕ་མ་ཚོའི་སྒང་ལ་བབས་འདུག སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་ནས། ད་ཆ་ཕ་མ་ཚོ་ནི་གཡུལ་ས་ན་ལྷག་པའི་དམག་མི་མཐའ་མ་དང་གཅིག་པ་རེད། ཁོང་ཚོས་དར་འཕྱར་ནས་མདུན་དུ་རྒྱུག་མ་ཐུབ་ན། ང་ཚོ་གཏན་དུ་ཕམ་ངེས་རེད། ཉིན་ཞིག་བོད་ཀྱི་ཁྱིམ་ཚང་རེ་རེའི་ནང་དུ་ལྐོག་ཉན་འཕྲུལ་ཆས་བཙུགས་ནས་བོད་སྐད་ཤོད་མཁན་དག་བཙོན་འཇུག་བྱེད་སྲིད་པ་རེད། གནས་སྟངས་དེ་འདྲ་ཞིག་མ་སླེབས་བར་དུ་བོད་སྐད་བོད་ཡིག་གི་ཚེ་སྲོག་གཡས་སྐྱོར་གཡོན་བྱེད་མཁན་ནི་ཕ་མ་ཚོ་རེད་འདོད།
The post ད་ཕ་མ་ཚོའི་སྒང་ལ་བབས་འདུག appeared first on བོད་ཀྱི་དུས་བབ།.




