ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་ལས་དོན་ཞིག་འཇུས་འདུག

3 hours ago

ནེའུ་ཛི་ལན་ཌིའི་ནང་རྒྱ་ནག་གཞུང་ལ་འབྲེལ་བ་དམ་ཟབ་ལྡན་པའི་སྐོར་འཁོར་སྐར་ལྟ་སྲུང་བརྟག་དཔྱད་ཁང་འཛུགས་རྒྱུའི་ལས་དོན་མཚམས་འཇོག་བྱེད་དུ་བཅུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་རི་སྨུག་(Purple Mountain)ཞེས་པའི་ཚོགས་པ་ཞིག་གིས་ནེའུ་ཛི་ལན་ཌིའི་ས་གནས་ཀྱི་བཟོ་གྲྭ་ཞིག་བརྒྱུད་ནས།  ནེའུ་ཛི་ལན་ཌིའི་ནང་མཁའ་དབྱིངས་འཁོར་སྐར་ལྟ་སྲུང་བརྟག་དཔྱད་ཁང་ཞིག་འཛུགས་སྐྲུན་བྱེད་རྩིས་བྱས་པར་བརྟེན། ནེའུ་ཛི་ལན་ཌི་གཞུང་གིས་ལས་གཞི་དེ་ནི་རྒྱ་ནག་གཞུང་དང་འབྲེལ་བ་དམ་པོ་ཡོད་པའི་ཁར། ནེའུ་ཛི་ལན་ཌིའི་རྒྱལ་སྲུང་དང་འབྲེལ་བའི་དམག་དོན་གྱི་གནས་ཚུལ་རྐུ་འཁྱེར་བྱེད་སྲིད་པའི་དོགས་གཞིའི་འོག་ནས་བཀག་སྡོམ་བྱས་ཡོད་འདུག

ཟླ་འདིའི་ ༡༣ ཉིན་ནེའུ་ཛི་ལན་ཌི་གཞུང་གིས། ཕྱི་ལོ་ ༢༠༢༦ ལོའི་རྒྱབ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ་བའི་ཁོར་ཡུག་ཅེས་པའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཏེ། རྒྱ་ནག་གཞུང་ནི་རྒྱལ་ཁབ་དེའི་ནང་གསང་བའི་ལས་དོན་སྒྲུབ་མཁན་ཆེ་ཤོས་དེ་ཡིན་པ་ཐེར་འདོན་བྱས་འདུག་པ་མ་ཟད། འདས་པའི་ལོ་འགའི་རིང་ནེའུ་ཛི་ལན་ཌིར་བདེ་འཇགས་ཀྱི་ཐད་ནས་དཀའ་ངལ་ཤུགས་ཆེན་འཕྲད་ཡོད་སྐོར་བརྗོད་འདུག

ནེའུ་ཛི་ལན་ཌིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱིས། རྒྱ་ནག་གི་བདེ་སྲུང་ལས་ཁུངས་ཀྱིས་མི་སྒེར་དང་ཚོགས་སྡེ་ཁག་གི་གནས་ཚུལ་དང་དེའི་བདག་དབང་། གསང་བའི་གནས་ཚུལ་སོགས་བཙན་ཤེད་ཀྱིས་གཞུང་ལ་སྤྲོད་དགོས་པར་བཟོས་ཡོད་པས། རི་སྨུག་ཚོགས་པས་ད་སྔ་བར་མཁོ་སྒྲུབ་བྱས་པའི་ནེའུ་ཛི་ལན་ཌིའི་གནས་ཚུལ་དག་རྒྱ་ནག་གཞུང་ལ་སྤྲད་ཡོད་པར་ཡིད་ཆེས་ཡོད་ཅེས་བརྗོད་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་རྒྱ་གར་གྱི་ཆུ་ཚོད་ ༡ ཡས་མས་ཙམ་ལ་རྒྱ་ནག་གཞུང་ཚབ་ཁང་གིས། ནེའུ་ཛི་ལན་ཌིའི་གསང་བའི་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་གིས་གསང་ཉུལ་བྱས་པ་དང་ཐེ་གཏོགས་བྱས་ཟེར་བར་གཞི་རྩ་གང་ཡང་མེད་ལ། དེ་ནི་གྲང་དམག་གི་བསམ་བློ་ཁུར་ནས་བཟོ་སྒྲིག་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་བརྗེ་རེས་སོགས་རྒྱུན་ལྡན་གྱི་འབྲེལ་ལམ་ལ་གཏོར་བརླག་གཏོང་འདོད་ཡོད་པས་ཡིན་ཞེས་ལན་འདེབས་བྱས་འདུག རྒྱ་ནག་ནི་འདས་པའི་ལོ་འགའི་རིང་ནེའུ་ཛི་ལན་ཌིའི་མཉམ་ལས་ཚོང་འབྲེལ་བྱེད་མཁན་ཆེ་ཤོས་དེ་ཡིན་འདུག

སྙན་ཐོ་དེའི་ནང་བཀོད་པའི་གནས་ཚུལ་ལྟར་ན། ད་ལྟ་ནེའུ་ཛི་ལན་ཌི་གཞུང་གིས། རྒྱལ་ཁབ་ཀྱི་བདེ་འཇགས་དང་གསང་ཉུལ་འོག་གནས་ཚུལ་རྐུ་འཁྱེར། མང་ཚོགས་ལ་རྒྱལ་ཞེན་མེད་པ་སོགས་ནང་ཁུལ་གྱི་དཀའ་ངལ། རྒྱལ་ཁབ་གཞན་གྱིས་ནེའུ་ཛི་ལན་ཌིའི་མི་མང་དང་ཆབ་སྲིད་པ། ཚོགས་སྡེ་སོགས་བེད་སྤྱད་དེ་ནང་སྲིད་ལ་ཐེ་གཏོགས་བྱེད་བཞིན་པ། དྲ་རྒྱའི་ཁོར་ཡུག་གི་ཤུགས་རྐྱེན་འོག་དྲག་པོའི་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་པ་སོགས་དཀའ་ངལ་ཆེན་པོ་དྲུག་ལ་གདོང་ལེན་བྱེད་བཞིན་འདུག

ནེའུ་ཛི་ལན་ཌི་དང་རྒྱ་ནག་གཉིས་ཀྱི་རྩོད་གཞི་ཉེ་ཤོས་ནི། ཟླ་སྔོན་མའི་ནང་རྒྱ་ནག་གིས་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་དུ་མེ་ཤུགས་འཕུར་མདའ་འཕངས་ཏེ་དམག་དོན་སྦྱོང་བརྡར་བྱས་པ་དང་འབྲེལ་ནས་བྱུང་ཞིང་། སྐབས་དེར་ནེའུ་ཛི་ལན་ཌིའི་ཕྱི་སྲིད་བློན་ཆེན་ཝིན་སི་ཊོན་པེ་ཊར་ (Winston Peter)ལགས་ཀྱིས་རྒྱ་ནག་གི་དམག་དོན་སྦྱོང་བརྡར་དེར་གཞུང་འབྲེལ་ཐོག་ནས་སྐྱོན་བརྗོད་བྱེད་དགོས་པ་དང་། རྒྱ་ནག་ནས་སྐྱེས་པའི་ནེའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མི་ཞིག་ཕྱིར་རྒྱ་ནག་ཏུ་ལོག་དགོས་པ་སོགས་སྣོ་ངར་ལྡན་པའི་གཏམ་བཤད་བྱས་སྟབས། དེ་མ་ཐག་རྒྱ་ནག་གིས་གོ་སྐབས་དམ་འཛིན་གྱིས་རྒྱ་ནག་ནེའུ་ཛི་ལན་ཌིའི་ནང་སྲིད་རྩོད་རྙོག་ཁྲོད་ཀྱི་གནད་དོན་ཞིག་ཏུ་མི་བསྒྱུར་བ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཙོས་རྒྱལ་སྲིད་འབྲེལ་ལམ་སོགས་ལ་བརྩི་བཀུར་དགོས་པའི་གཞུང་འབྲེལ་ངོ་རྒོལ་བསྒྲགས་གཏམ་སྤེལ་འདུག

ད་ལྟ་ཆར་རྒྱ་ནག་གཞུང་ནི་འཛམ་གླིང་ནང་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གསང་ཉུལ་བའི་ལས་དོན་སྒྲུབ་མཁན་ཆེས་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གི་དམག་མི་ཟུར་བ་གཉིས་ཀྱིས། ལྷོ་ཀོ་རི་ཡ་དང་དེར་ཡོད་པའི་ཨ་རིའི་དམག་དོན་གྱི་འགུལ་སྐྱོད་ལ་སོ་ལྟ་བྱེད་བཞིན་པ་ལྷོ་ཀོ་རི་ཡས་ཤེས་རྟོགས་བྱུང་སྟེ་འཛིན་བཟུང་བྱས་ཡོད་ཅིང་། ལྷོ་ཀོ་རི་ཡའི་བདེ་སྲུང་ཚན་པས་འདྲི་རྩད་ཞིབ་འཇུག་བྱེད་སྐབས། རྒྱ་མི་གཅིག་གིས་ཕྱི་ལོ་ ༢༠༢༤ ལོ་ནས་ལྷོ་ཀོ་རི་ཡ་དང་ཨ་རིའི་མཁའ་དམག་གི་བརྡ་འཕྲིན་འབྲེལ་མཐུད་ལ་ཁ་བསྒྱུར་དང་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། གཞན་དེས་ཨ་རི་དང་ལྷོ་ཀོ་རི་ཡའི་དམག་མིའི་བར་གྱི་དམག་སྦྱོང་དང་དམག་དོན་འཐབ་ཇུས། གོ་མཚོན་དང་དམག་མིའི་འགུལ་སྐྱོད་སྐོར་གྱི་གནས་ཚུལ་འཚོལ་སྒྲུབ་བྱེད་ཀྱི་ཡོད་པས། ཁོ་གཉིས་ལ་དགྲ་བོར་རམ་འདེགས་བྱས་པའི་ཉེས་ཆད་ཕོག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་ལས་དོན་ཞིག་འཇུས་འདུག appeared first on བོད་ཀྱི་དུས་བབ།.

Original Article