བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ངོ་སྤྲོད།

3 hours ago

ལྟུང་བཤགས་དང་དཀོན་མཆོག་རྗེས་དྲན་རྩ་འགྲེལ། དཔེ་དེབ་འདི་ནི་འཕགས་པ་ཕུང་པོ་གསུམ་པའི་མདོ་རྩ་འགྲེལ་དང་དཀོན་མཆོག་རྗེས་དྲན་གྱི་མདོ་རྩ་འགྲེལ་གཉིས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དཔར་སྐྲུན་བགྱིས་པའི་ལག་དེབ་ཉེ་བར་མཁོ་བ་ཞིག་ཡིན།དེའང་ཕུང་པོ་གསུམ་པའི་མདོ་ཞེས་པ་ནི།གཙོ་བོ་ཕྱག་འཚལ་བ་དང་།བཤགས་པ།ཡོངས་སུ་བསྔོ་བ་བཅས་ཀྱི་སྒོ་ནས་གཉེན་པོ་སྟོབས་བཞིས་བཤགས་སྡོམ་བྱེད་ཚུལ་ཧ་ཅང་གི་གནད་ཆེ་བ་ཞིག་རེད།ལྷག་དོན་དུ་རང་ཅག་མུ་མཐའ་མེད་པའི་ལས་ཉོན་གྱི་རྒྱ་མཚོའི་ཀློང་དུ་ཚུད་དེ་སྡུག་བསྔལ་གསུམ་གྱི་རླབས་ཕྲེང་གིས་བར་མེད་དུ་གཙེས་པའི་ལུས་ཅན་མཐའ་དག་སྡུག་བསྔལ་འདི་དག་ལས་སྒྲོལ་ནུས་པའི་མགོན་དཔུང་དམ་པ་ནི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལས་གཞན་དུ་མེད་སྟབས།མཆོག་གསུམ་གྱི་ཡོན་ཏན་དྲན་བཞིན་པའི་ངང་ནས་ཉིན་རེ་བཞིན་སྤང་བླང་ཚུལ་བཞིན་བྱས་ཚེ།འདི་ལས་ལྷག་པའི་ཉམས་ལེན་གལ་ཆེན་ཞིག་དང་བསྲུང་བཟློག་ཁྱད་པར་བ་ཞིག་མེད་ཅེས་བླ་མ་དམ་པའི་ཞལ་ནས་ཐོས་པས་ན།དཀོན་མཆོག་རྗེས་དྲན་གྱི་མདོ་རྩ་འགྲེལ་ཡང་འདིར་མཉམ་གཅིག་ཏུ་བཀོད་ཡོད་དོ།། ས་ཞུ་མཐོང་གྲོལ་རིན་པོ་ཆེ། དཔེ་དེབ་འདི་ནི་ས་ཞུའི་བཤད་པ་རིན་ཆེན་སྒྲོན་མེའི་རྒྱས་འགྲེལ་ལྟ་བུ་ཞིག་སྟེ།རྩོམ་པ་པོ་དཔལ་ནཱ་ལེནྡྲའི་གཟིམ་འོག་སྤྲུལ་སྐུ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས།མཁན་པོ་ཀཿབྲག་དངོས་གྲུབ་བསོད་གཉིས་ཀྱིས་འདི་ལ་རྩོམ་ཡིག་ཁག་མི་འདྲ་བ་ཉི་ཤུ་རྩ་གྲངས་ཤིག་གིས།མདོར་བསྟན་དང་།རྒྱས་བཤད།དོན་བསྡུས་ལྟ་བུའི་ཚུལ་གྱིས་ཕྱོགས་ཡོངས་ནས་དཔལ་ས་སྐྱ་བའི་ས་ཞུ་མཐོང་གྲོལ་རིན་པོ་ཆེའི་ཐུན་མིན་གྱི་ཁྱད་ཆོས་དང་མཚོན་དོན་གསལ་བར་བྲིས་འདུག།དེའང་ས་ཞུ་འདི་ལ་བཟོ་དབྱིབས་སོགས་ཀྱི་ཆ་ནས་ཅུང་མི་འདྲ་བ་འགའ་རེ་མཆིས་ནའང་།དེ་ནི་སྤྱིར་བཏང་གི་རྒྱན་ཆ་ཙམ་མམ་རྒྱས་སྤྲོས་ཀྱི་ཕྱིར་དུ་མཛེས་བཟོ་བྱས་པ་ཞིག་མ་ཡིན་པར།ས་ཞུ་འདིས་ས་སྐྱ་པཎ་ཆེན་གྱི་མཁྱེན་རབ་དང་།ཆོས་རྒྱལ་འཕགས་པའི་ཐུགས་བརྩེ།གདམས་པའི་མཛོད་ཀྱི་བྱིན་རླབས་སོགས་མཚོན་གྱི་ཡོད་པ་དཔེ་དེབ་འདིའི་དབུ་ཞབས་བར་གསུམ་ཀུན་ཏུ་ལན་གྲངས་དུ་མར་རྒྱས་འགྲེལ་གནང་འདུག་པ་སྟེ།ས་ཞུ་མཐོང་གྲོལ་རིན་པོ་ཆེ་འདིའི་ཁ་དོག་དང་།དབྱིབས།ཚལ་བུ།སྐུད་པའི་གྲངས།ཕྱི་ཤ་དང་བར་ཤ་ནང་ཤའི་ཚོན་མདོག་ཡན་ཆད་ལ་མཚོན་དོན་མེད་པ་ཞིག་ཧ་ལམ་མེད་པས།སོ་སོའི་དད་པས་ཁྱོགས་ན་ས་ཞུ་འདི་ནི་ལམ་ཉམས་ལེན་གྱི་དམིགས་རྟེན་མཆོག་ཏུ་གྱུར་པ་ཞིག་གོ། འཇུག་པའི་བདག་འགོག་གི་འགྲེལ་ཆེན། འབྲས་སྒོ་མང་བཀའ་རམས་པ་འཇིགས་མེད་བསྟན་འཛིན་གྱིས་བརྩམས་པའི་འཇུག་པའི་བདག་འགོག་གི་འགྲེལ་ཆེན་འདི་ནི།དཔལ་ལྡན་ཟླ་བས་མཛད་པའི་དབུ་མ་འཇུག་པ་ལས།ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ།།ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་།།བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས།།རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད།།ཅེས་པ་ལ་སོགས་པའི་དོན་ལ་འཕགས་བོད་ཀྱི་འགྲེལ་བྱེད་མཁན་པོ་སོ་སོས་འགྲེལ་བཤད་གནང་སྟངས་མི་འདྲ་བ་གང་ཡོད་རྩལ་འདོན་གྱིས་ཕྱོགས་བསྡོམས་དང་དབྱེ་ཞིབ་གནང་བ་ཞིག་ཡིན་པས།འདིས་བློ་གསལ་དོན་གཉེར་ཅན་ཚོར་གཞུང་མང་པོ་འཚོལ་སྒྲུབ་མི་དགོས་པར་མཁས་པ་སོ་སོའི་འདོད་ཚུལ་སྙིང་པོ་སྟབས་བདེ་པོས་ཤེས་ཐུབ་པའི་ཕན་ཐོགས་བསྐྲུན་འདུག

The post བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ངོ་སྤྲོད། appeared first on བོད་ཀྱི་བང་ཆེན།.

Original Article