དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ཉམས་གསོ་བྱ་དགོས་པ་ལས་གཏོར་བཤིག་གཏོང་མཚམས་འཇོག་དགོས་སྐོར་སོགས་བརྗོད་བྱུང་།
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ནས་རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་སྡོད་ཁང་མང་དྲགས་པས་བདེ་འཇགས་མེད་ལུགས་དང་། གྲྭ་བཙུན་མང་དྲགས་ལུགས་སོགས་བཤད་ནས། གྲྭ་ཤག་གཏོར་བཤིག་བཏང་དང་གཏོང་མུས་ཡིན་པ་མ་ཟད། ད་ལན་ཆོས་སྡེ་ཆེན་མོ་བླ་རུང་སྒར་གྱི་གྲྭ་ཤག་ ༡༠༦༠ ཙམ་གཏོར་བཤིག་གཏོང་གིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་མཚམས་བཞག་ཏེ། རྒྱ་ནག་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཐོག་ནས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དགོས་པའི་རེ་སྐུལ་ཞུས།
གནད་དོན་དེ་དང་འབྲེལ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་ནི་ཆོས་ཁས་མི་ལེན་མཁན་ཞིག་དང་ཆོས་དད་རྡོག་རོལ་གཏོང་མཁན་གྱི་གཞུང་ཞིག་ཆགས་ཡོད་སྟབས། ད་ལན་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་ཡོད་པ་དེའང་རྒྱ་ནག་གི་སྲིད་ཇུས་ཤིག་ཆགས་ཡོད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་བོད་དུ་ཆོས་དད་རང་དབང་ཡོད་པ་དང་། བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་པའི་ཕྱིར་བསྒྲགས་བྱེད་ཀྱིན་ཡོད་ཀྱང་། དེ་ནི་ཁ་བཤད་ཙམ་ཞིག་ལས། དངོས་ཡོད་གནས་སྟངས་ཐོག་བོད་ཀྱི་ཆོས་རིག་རྩ་མེད་དང་ཆོས་དུག་ཏུ་བརྩིས་ཡོད། ཅེས་དང་།
རྒྱ་ནག་གཞུང་གི་ད་ལྟའི་བྱེད་སྟངས་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སོགས། རྒྱ་ནག་གི་ཁྲིམས་ལུགས་ཀྱི་ཐོག་ནས་ཏག་ཏག་མེད་པ་མ་ཟད། བོད་མི་རིགས་ཀྱི་ཆོས་རིག་ལ་དོ་ཕོག་གཏོང་གི་ཡོད་པས། བོད་མི་རྣམས་ཀྱིས་ཁས་ལེན་བྱ་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་ཙང་། རྒྱ་ནག་གཞུང་གིས་ཁ་ནས་བོད་ནང་བདེ་སྐྱིད་ཡོད་པ་དང་།འཛུགས་སྐྲུན་བྱས་པ་སོགས་བཤད་པ་ཙམ་གྱིས་འགྲིག་གི་མེད་པར། དངོས་གནས་དྲང་གནས་བོད་ནང་གི་རྒྱ་ཆེ་མི་མང་གི་མངོན་འདོད་དང་མཐུན་པ་ཞིག་བྱ་དགོས། ད་ལྟ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པ་མ་ཟད། ཉམས་གསོ་དང་དོ་སྣང་བྱ་དགོས་པའི་གནས་སྟངས་ཤིག་ལ་ཐུག་ཡོད། ཅེས་བརྗོད་བྱུང་།
ཡང་ཁོང་གིས། ད་ལན་གྱི་གསེར་རྟ་བླ་རུང་སྒར་གྱི་གནས་སྟངས་དེ་ཚབས་ཆེན་པོ་ཞིག་ཆགས་ཡོད་རེད་ལ། དེ་རྒྱུན་ལྡན་གྱི་བྱ་གཞག་ཅིག་གི་སྒང་ལ་བཞག་ན་ཏག་ཏག་བསྡད་ཀྱི་ཡོད་མ་རེད། བྱས་ཙང་། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་མཚམས་འཇོག་དགོས་པ་དང་། གལ་ཏེ་མཚམས་འཇོག་མ་བྱས་ན་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་མགོ་ཁྲིད་དང་གསར་ཁང་ཁག་གིས། རྒྱ་ནག་གཞུང་ལ་བླ་རུང་སྒར་གཏོར་མཚམས་འཇོག་པ་དང་། བོད་པ་ཙམ་མིན་པར་རྒྱ་ནག་གི་ནང་པ་རྣམས་ལ་ཐོབ་ཐང་དང་། རང་དབང་སྤྲད་དགོས་པའི་ཐོག་གླེང་སློང་གནང་རྒྱུ་གལ་ཆེན་ཆགས་ཡོད། མ་འོངས་པའང་རྒྱ་ནག་གིས་གསེར་རྟ་བླ་རུང་སྒར་ཉམས་གསོ་བྱ་དགོས་པ་ལས། གཏོར་བཤིག་གཏོང་མཚམས་འཇོག་དགོས་པའི་དུས་ལ་བབ་འདུག ཅེས་བརྗོད་བྱུང་།
དེ་བཞིན་ཁ་སང་རྒྱ་ནག་གཞུང་གིས་ཉེ་ལམ་བོད་ཀྱི་ཆོས་སྒར་ཆེན་མོ་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་མུས་ཡིན་པའི་བརྙན་པར་གསར་པ་ཁག་ཅིག་བཙན་བྱོལ་ནང་འབྱོར་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་སྐབས། གྲྭ་བ་ཞིག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་པར་ཞིག་འཕྱར་ནས་ངོ་རྒོལ་བྱས་རྐྱེན། ཉེན་རྟོག་པས་ཁོང་ཉིད་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་། ཁོང་གི་ད་ལྟའི་གནས་སྟངས་དང་གང་དུ་ཡོད་མེད་ཐད་གསལ་ཁ་གང་ཡང་མེད་པ་རེད།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༡ དང་། ༢༠༡༦། ༢༠༡༩ བཅས་སུ་བླ་རུང་སྒར་གྱི་གྲྭ་ཤག་མང་དྲགས་ལུགས་དང་། ཁྲིམས་མཐུན་གྱི་ཡིག་ཆ་མེད་ལུགས་སོགས་ལ་ཁ་གཡར་ནས་གྲྭ་བཙུན་གྱི་སྡོད་ཁང་མང་པོ་གཏོར་བཤིག་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཐེངས་མང་པོར་གྲྭ་བཙུན་གྱི་གྲངས་འབོར་ཚོད་འཛིན་དང་། ས་གནས་གཞན་ནས་ཡོང་བའི་གྲྭ་བཙུན་མང་པོ་རང་ཡུལ་དུ་ཕྱིར་སློག་བྱས་པའི་གནས་ཚུལ་བྱུང་ཡོད་པའི་མུར། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་གྲྭ་ཤག་གཏོར་སྐབས། བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་རྒྱ་ནག་གཞུང་གི་ཁྲིམས་མཐུན་མིན་པའི་གཉའ་གནོན་འོག་རང་དབང་མེད་པའི་སྐོར་གྱི་ཁ་ཆེམས་བཞག་ནས་རང་ཤི་བརྒྱབ་པའི་གནས་ཚུལ་ཡང་ཐོན་ཡོད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། appeared first on བོད་ཀྱི་དུས་བབ།.




