བོད་མི་མང་སྤྱི་འཐུས་ཁག་ཅིག་རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་ནང་མཉམ་བཞུགས།

4 hours ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༦ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་ཉིན་ ༡༩ པའི་ཐོག བོད་མི་མང་སྤྱི་འཐུས་རྣམ་པ་གསུམ་དང་ལྡི་ལི་གཙུག་ལག་སློབ་གྲྭའི་སློབ་ཟུར་ཁག་ཅིག་ཆེད་དུ་མཉམ་བཞུགས་གནང་ཞིང་། སྤྱི་འཐུས་རྣམ་པས་བོད་རང་དབང་འཐབ་རྩོད་ཆེད་ལས་འགུལ་འདི་མུ་མཐུད་རྒྱུན་གནས་དགོས་པའི་གལ་གནད་སྐོར་གསུངས་འདུག་ལ། དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་དུ། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ད་བར་ཟས་བཅད་ངོ་རྒོལ་ནང་ཚོགས་སྐྱིད་དང་། དགོན་པ། མི་དམངས་སོགས་ཁྱོན་མི་གྲངས་ ༡༣༠ ལྷག་མཉམ་བཞུགས་གནང་ཟིན་པ་དང་། མ་འོངས་པར་ཡང་འཛམ་གླིང་ཁྱོན་དུ་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པ། མ་ཟད་རྒྱ་ནག་གི་མི་བདེན་རྫུན་སྒྲིག་གི་གནས་ཚུལ་ཁྱབ་གདལ་ལ་གདོང་ལེན་བྱེད་ཆེད། ནིའུ་ཡོག་ཏུ་བོད་ཀྱི་ལོ་རྒྱུས་དང་། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་༧སྐུའི་ཡང་སྲིད། དེ་བཞིན་རྒྱལ་གཅེས་པ་ཚོའི་བློས་གཏོང་སོགས་དང་འབྲེལ་བའི་དངོས་ཡོད་ར་སྤྲོད་ཀྱི་ལས་འགུལ་ཡང་མུ་མཐུད་འགྲོ་བཞིན་པ་སོགས་ངོ་སྤྲོད་གནང་ཡོད། དེ་བཞིན། ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་མེའོ་ནས་ཡིན་པའི་བོད་མི་བཟའ་ཚང་གཉིས་ཏེ། བསྟན་འཛིན་དབང་འདུས་ལགས་དང་ཟླ་བ་ཆོས་སྒྲོན་ལགས་རྣམ་གཉིས་ཀྱིས། ཨ་རུ་ན་ཅལ་མངའ་སྡེ་ནས་ཧི་མ་ཅལ་མངའ་སྡེ་བར་ཉིན་གྲངས་ ༡༥ རིང་། རྒྱང་ཐག་ཀི་ལོ་མི་ཊར་ ༢༧༠༠ ལྷག་གི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ལེགས་པར་གྲུབ་སྟེ་དེ་རིང་བཞུགས་སྒར་རྡ་རམ་ས་ལར་འབྱོར་སོང་་ལ། ཁོང་བཟའ་ཚང་གཉིས་ཀྱི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་འདི་ནི། བློ་དགའ་རང་བཙན་ལགས་ཀྱིས་བོད་རང་དབང་འཐབ་རྩོད་ཆེད་དུ་སྐུ་སྲོག་བློས་གཏོང་གནང་བར་རྗེས་དྲན་ཞུ་ཆེད་དང་། མི་མང་ལ་བོད་དོན་གོ་རྟོགས་སྤེལ་ཆེད་དུ་དམིགས་པ་ཞིག་ཡིན་པ་སོགས་་གསུངས་གནང་བྱུང་། དེ་དང་སྦྲགས། བློ་དགའ་རང་བཙན་དམ་པ་ཁོང་གི་ཞེ་དགུའི་ཉིན་དང་བསྟུན། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བཞུགས་སྒར་དང་ནིའུ་ཡོག་སོགས་སུ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར་ཡོད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་ཀྱང་བློ་དགའ་རང་བཙན་དམ་པའི་ཞེ་དགུ་དང་བསྟུན་ནས་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་ཞིག་འཚོགས་གནང་རྒྱུ་ཡིན་པ་རེད་འདུག །
Watch on YouTube